ནང་ཆེན་ཉེར་ལྔའི་དབུས་བདེ་དོན་ལྷན་ཚོགས།
སྐབས་དང་པོའི་རྒྱུན་ལས།
ནང་ཆེན་ཉེར་ལྔའི་དབུས་བདེ་དོན་ལྷན་ཚོགས་འདི་ནི། ཁམས་སྟོད་ས་སྐྱོང་ ༸ མི་དབང་ནང་ཆེན་ཆོས་རྒྱལ་ཆེན་པོའི་ཆབ་འབངས་སུ་གཏོགས་པའི་བྱེས་འབྱོར་བོད་མི་ཡོངས་ལ་དམིགས་ཤིང་དུས་རབས་ཚན་རྩལ་གྱི་དབང་གིས་སྤྱིར་བོད་རིགས་སྤུན་ཟླ་ཡོངས་དང་། དགོས་སུ་ངེད་ནང་ཆེན་ཉེར་ལྔའི་ཁྱབ་ཁོངས་སུ་གཏོགས་པའི་སྤུན་ཟླ་རྣམས་བཙན་བྱོལ་ཡུལ་གྲུ་འདྲ་མིན་ནང་དུ་ཁ་འཐོར་དགུ་འཐོར་ངང་ལ་གནས་ཤིང་གཅིག་ངོ་གཅིག་གིས་མི་ཤེས་པ་དང་། མི་རིགས་འདྲ་མིན་དང་མཉམའདྲེས་སོགས་ཀྱི་ཛ་དྲག་མཉེན་འཕྲང་འོག་ནས་ནང་ཆེན་ཉེར་ལྔའི་ཆབ་འབངས་ཀྱི་སྤུན་ཟླ་རྣམས་ཕན་ཚུན་ངོ་ཤེས་འགྲོག་འདྲེས་ཡོང་ཐབས་དང་། ས་ཁུལ་འདྲ་མིན་དང་རྒྱལ་ཁབ་འདྲ་མིན་སོགས་ལ་ཡོད་པའི་ནང་ཆེན་ཉེར་ལྔའི་གཞིས་ཆགས་ཁག་དང་སྐྱིད་སྡུག་ཁག་ཕན་ཚུན་མཐུན་སྦྱོར་རམ་འདེགས་གཅིག་ཕན་གཅིག་གྲོགས་ཡོང་ཐབས་སུ་ནང་ཆེན་ཉེར་ལྔ་སྤྱི་ཡོངས་ལ་ཁྱབ་པའི་སྒྲིག་འཛུགས་ཞིག་དགོས་པ་གལ་ཆེན་མཐོང་ཞིང་། ཐོག་མར་སྤྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡ ཉིན་དུས་རབས་ཀྱི་འགྲོས་དང་བསྟུན་ནས་<<སྔ་འགྱུར་བའི་གདན་ས་ཆེན་པོ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་སློབ་དཔོན་བུམ་མང་པདྨ་བཀྲ་ཤིས་>>མཆོག་ནས་རྩ་བའི་སྒྲིག་གཞི་<< ༡༽ ཚོགས་པའི་ངོ་བོ། མཐུན་འབྲེལ་གྱི་ལག་གདངས་མཉམ་དུ་སྦྲེལ་ཞིང་ཆབ་སྲིད་དང་ཆོས་ཕྱོགས་ཀྱི་འཐེན་འཁྱེར་དབང་དུ་མ་སོང་བར་ཉམ་ཐག་དང་ཤེས་རིག་སོགས་ཀྱི་ཆེད་དུ་རོགས་སྐྱོར་དང་ཕན་ཐོག་བྱ་རྒྱུའི་དམིགས་ཡུལ་ཡོད་པ། ༢༽ ཚོགས་པའི་སྒྲིག་འཛུགས། ངོ་བཟང་ངན་དང་འཐོབ་ཆེ་ཆུང་སོགས་ཀྱི་བཀོད་ཇུས་ལ་མ་བལྟོས་པར་ཟོལ་མེད་དྲང་བདེན་གྱི་ཐོག་ནས་འགྲོ་ཐུབ་པར་བྱ་རྒྱུ། ༣༽ ཚོགས་པའི་གནས་སྟངས། མཐུན་འབྲེལ་གཏོར་བཤིག་སོགས་ཀྱི་སྐད་ཆ་དང་དོན་མེད་ཀྱི་གློག་བརྙན་འདྲ་པར་སོགས་མི་གཏོང་བར་ཞི་འཇམ་དུ་གནས་རྒྱུ། >>ཞེས་པའི་དོན་ཚན་གསུམ་ཡོད་པ་ཞིག་གཏན་འབེབས་བྱས་ཤིང་དྲྭ་རྒྱའི་ཐོག་ཏུ་<<ནང་ཆེན་ཉེར་ལྔའི་རྒྱལ་ཡོངས་ལྷན་ཚོགས་>>ཞེས་པའི་མཚན་ཐོག་ནས་གསར་དུ་བཙུགས་སྟེ་དྲྭ་གྲོགས་རྣམས་ཀྱིས་ཟླ་ཤས་རིང་ལ་ཕན་ཚུན་མང་མོས་གྲོས་ཆོད་ཐོག་ནས་ཚོགས་པ་འདི་འཛུགས་ཐུབ་ན་ཧ་ཅང་ལེགས་ཚུལ་བྱུང་ན་ཡང་། ལྷག་བསམ་དང་ཤེས་ལྡན་གྱི་མི་སྣ་འགའ་ཤས་ཀྱིས་དགོངས་དོན་ལྟར་ནང་ཆེན་ཉེར་ལྔའི་དཔོན་རྒན་རྣམས་<<གྲྭའུ་དཔོན་རིན་ཆེན་ཚེ་རིང་། སྒ་ཁྲི་འདུ་དཔོན་འཆི་མེད་རྣམ་རྒྱལ། དགེ་རྒྱལ་བར་མའི་དཔོན་བླ་མ་ཀུན་གྲགས། འབྲོང་པ་སྨད་མའི་དཔོན་གཡུ་རྒོད་>>རྣམས་ཀྱི་དབུས་ཉེར་ལྔའི་སྐྱིད་སྡུག་ཁག་གི་རྒྱུན་ལས་ཀྱི་ཚོགས་མི་རྣམས་དང་། ས་གནས་གཞིས་ཆགས་ཁག་གི་འཐུས་ཚབ་སོགས་གནད་ཡོད་ཀྱི་མི་སྣ་ཁག་ཚོགས་ཆུང་ཟུར་བཙུགས་ཀྱི་ནང་དུ་ཕན་ཚུན་གྲོས་མོལ་མཐའ་ཆོད་པ་ཞིག་བྱས་ཤིང་སྤྱི་ལོ་ ༢༠༡༥ ལོའི་ཟླ་ ༨ ཚེས་ ༢༡ ཉིན་གཙོ་བོ་དཔོན་རྒན་རྣམས་དང་། དེ་བཞིན་དུ་ལྷག་བསམ་ཤེས་ལྡན་ཅན་གྱི་མི་སྣ་ཁག་ཅིག་གིས་ཚོགས་གཙོ་<<ནང་ཆེན་ཉེར་ལྔའི་རྒྱལ་ཡོངས་ལྷན་ཚོགས་སྐད་འཕྲིན་གྱི་དྲྭ་བདག་ཚངས་སྲས་ནས་འགན་ལེན་དགོས་པ་དང་>>དེ་བཞིན་དུ་ཚོགས་གཞོན་<<དྲྭ་མིང་བྷོ་དྷི་རྩིཏྟ། དངོས་མིང་ཡེ་ཤེས་ཚེ་རིང་།>>དེ་གཉིས་ལ་ཕྱག་རོགས་སྤྱི་ལོ་ ༢༠༡༦ ལོའི་བོད་མི་མང་སྤྱོ་འཐུས་འོས་གཞི་རུ་བཞེངས་མཁན་ནང་ཆེན་ཉེར་ལྔའི་མི་སྣ་དེ་སྐབས་བཞི་ཙམ་ཡོད་པ་རྣམས་ཀྱིས་འགན་ཁུར་རྐང་ལེན་དགོས་པའི་བསླབ་བྱ་དང་སློབ་སྟོན་གྱི་ནུས་ཤུགས་ལ་རྟེན་ནས་ཚོགས་པ་དངོས་སུ་འཛུགས་པའི་ཐག་ཆོད་བྱུང་། སྤྱི་ལོ་ ༢༠༡༥ ཟླ ༩ ཚེས ༡ ཉིན་སྐད་འཕྲིན་དྲྭ་བའི་ཚོགས་གཙོ་<<དྲྭ་མིང་ཚངས་སྲས་>>མཆོག་གིས་ཡང་བསྐྱར་གནས་སྐབས་འགན་ཁུར་མི་སྣ་དམིགས་འཛུགས་བྱས་པའི་ནང་ཆེན་ཉེར་ལྔའི་མི་སྣ་ཁག་དང་བཅས་མི་གྲངས་ ༡༥ དང་། ནང་ཆེན་ཉེར་ལྔའི་སྔ་རབས་ལོ་རྒྱུས་ཁྲོད་ཀྱི་དཔོན་རྒན་རྣམ་པ་དབུས་པའི་སློབ་སྟོན་པ་ཁག་དང་། དེ་བཞིན་དུ་བཙན་བྱོལ་ནང་དུ་ཡོད་པའི་ས་གནས་གཞིས་ཆགས་ཁག་དང་། ནང་ཆེན་ཉེར་ལྔའི་སྐྱིད་སྡུག་ཁག་ཡུལ་གྲུ་འདྲ་མིན་ནང་དུ་ཡོད་པའི་ཚོགས་གཙོ་དབུས་པའི་རྒྱུན་ལས་རྣམ་པ་ཚོགས་ཞུགས་འཐུས་མིར་དམིགས་འཛུགས་བྱས་ཏེ་བསྡོམས་མི་གྲངས་ ༤༥ ཙམ་ཞིག་ལ་ཐེངས་དང་པོའི་འགན་ཁུར་མཛད་དགོས་པའི་རེ་སྐུལ་ཞུས་ཤིང་ནང་ཆེན་ཉེར་ལྔའི་འཐུས་མི་ལྷན་ཚོགས་ཀྱི་དྲྭ་རྒྱའི་ཐོག་སྤྱི་མོས་ཀྱི་གཏན་འབེབ་བྱུང་།
ཚོགས་འདུ་ཐེངས་དང་པོའི་སྐབས་ཀྱི་འདྲ་པར།
དེ་ནས་སྤྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་༨ རྒྱལ་ཕུར་འགྲུབ་སྦྱོར་བཟང་པོའི་གཟའ་སྐར་དགེ་བའི་ཉིན་གོང་དུ་ཐག་ཆོད་བྱུང་བ་བཞིན་རྒྱུན་ལས་ཐེངས་དང་པོ་གཞུགས་སྒར་རྡ་རམ་ས་ལ་བསྐོངས་འཚོགས་གནང་ཞིང་ཚོགས་པའི་མིང་<<སྔ་མའི་བྱུང་རབས་ལོ་རྒྱུས་ཁྲོད་ཀྱི་ཐ་སྙད་རང་སོར་བཞག་ཐོག་ནང་ཆེན་ཉེར་ལྔའི་དབུས་བདེ་དོན་ལྷན་ཚོགས་>>དང་། རྒྱུན་ལས་སྐབས་དང་པོའི་ཚོགས་གཙོ། པདྨ་བཀྲ་ཤིས། ཚོགས་གཞོན་སྒ་པ་ཡེ་ཤེས་ཚེ་རིང་། དྲུང་ཆེ་ཨ་བོ་དགའ་སྐྱིད། དངུལ་གཉེར་པདྨ་མེ་ཏོག་དང་། མཐུན་འབྲེལ་འགན་འཛིན་དང་བརྩིས་པ་གཅིག་ཆོག་གྲྭའུ་སྲས་མོ་ཚེ་བརྟན། རྒྱལ་མཚན་དབང་རྒྱལ་གཉིས། ཤེས་རིགས་འགན་འཛིན་བསམ་གཏན། ཕྱི་འབྲེལ་འགན་འཛིན་བོད་མི་དམངས་ཀྱི་སྤྱི་འཐུས་རྡོ་རྗེ་ཚེ་བརྟན། དཔལ་འབྱོར་འགན་འཛིན་དབའ་ཧོ་བེ་ཅང་བསྟན་འཛིན་དང་། དགེ་རྒྱལ་བར་མ་དཔོན་ཚང་གི་སྐུ་ཚ་བླ་མ་ཨོ་སྤུག མཁན་པོ་ཕྲིན་ལས་རྣམ་རྒྱལ། བཅས་བསྐོས་བཞག་སོགས་གཏན་འབེབས་བྱས་ཤིང་དབུ་བརྙེས་པ་ཞིག་ཡིན། སྤྱི་ལོ་ 2015 ལོའི་ཟླ་ 12 པའི་ཚེས་ 27 ཉིན་བཞུགས་སྒར་རྡ་རམ་ས་ལ་རྒྱུན་ལས་ཚོགས་གཙོ་ཚོགས་གཞོན་གཙོས་པའི་མི་གྲངས་དགུ་དང་། དགེ་རྒྱལ་རྫ་སྟོད་ནས་ཡིན་པའི་ཤེས་རབ་གླིང་གི་མཁན་རིན་པོ་ཆེ་གཡུ་རྒྱལ་མཆོག་དབུས་པའི་ས་གནས་དེ་གའི་མི་དམངས་སུམ་ཅུ་ལྷག་ཙམ་འདུ་འཛོམས་བྱས་པའི་ཐོག་ནས་ནང་ཆེན་ཉེར་ལྔའི་དབུས་བདེ་དོན་ལྷན་ཚོགས་ཀྱི་ལས་ཁུངས་གསར་འཛུགས་སྒོ་འབྱེད་མཛད་སྒོ་བྱས་པ་ཡིན།
སྤྱི་ལོ་ 2016 ལོའི་ཟླ་ 4 ཚེས་ 1 ཉིན་ནང་ཆེན་ཉེར་ལྔའི་དབུས་བདེ་དོན་ལྷན་ཚོགས་ཀྱི་ཚོགས་པ་དངོས་གཞིའི་མཛད་སྒོ་དང་། ནང་ཆེན་ཉེར་ལྔའི་བདེ་དོན་ལྷན་ཚོགས་ཀྱི་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་མཉམ་དུ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་བོད་པའི་གཞིས་ཆགས་བསམ་ཡས་གླིང་དུ་སྔ་དྲོའི་དུས་ཚོད་ 9 པའི་ཐོག་ནས་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་ས་གནས་བོད་མི་དམངས་ཀྱི་སྐུ་ཚབ་གཞིས་མགོ་སྐུ་ངོ་ལེགས་བཤད་སྣང་སྐྱིད་མཆོག་དང་། སྔ་མའི་ལོ་རྒྱུས་ཁྲོད་ཀྱི་ཁམས་སྟོད་ས་སྐྱོང་ནང་ཆེན་ཆོས་རྒྱལ་ཆེན་པོའི་བཀའ་ཡི་བློན་ཆེན་གྲྭའུ་དཔོན་རྒན་རིན་ཆེན་ཚེ་རིང་མཆོག་དང་། འབྲོང་པ་སྨད་མའི་དཔོན་རྒན་གཡུ་རྒོད་མཆོག་རྣམ་པ་གསུམ་དང་། དེ་བཞིན་དུ་ས་གནས་དེར་གནས་གཞི་བྱས་པའི་གཞུང་འབྲེལ་དང་གཞུང་མིན་པའི་ཚོགས་པ་ཁག་གིས་སྐུ་ཚབ་རྣམས་དང་། དེ་མིན་ནང་ཆེན་ཉེར་ལྔའི་མི་དམངས་བརྒྱ་ལྷག་ཙམ་འཛོམས་པའི་ཐོག་ནས་བཀྲ་ཤིས་བརྒྱད་པའི་གསོལ་འདེབས་སྨོན་ལམ་དང་འབྲེལ་དབུ་མགྱེད་མཛད་སྒོ་བྱས་ཤིང་ཉིན་གཉིས་རིང་ཚོགས་པའི་མིང་དང་། ཚོགས་པའི་དམིགས་ཡུལ། ཚོགས་པའི་སྒྲིག་གཞི་སོགས་གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དགོངས་བཞིན་དམངས་གཙོའི་ལམ་ལུགས་དང་མཐུན་པར་སྤྱི་མོས་དང་མང་མོས་ཀྱི་སྒོ་ནས་གཏན་འབེབས་བྱས་ཤིང་ཚོགས་པ་འདི་ལྷིང་འཇགས་དང་སྲ་བརྟན་དུ་གྱུར་ཡོད། དངོས་གཞིའི་འཚོགས་འདུ་སྐབས་སྒ་གྲྭའུ་དཔོན་རིན་ཆེན་ཚེ་རིང་མཆོག་དང་། འབྲོང་པ་སྨད་མའི་དཔོན་གཡུ་རྒོད་མཆོག་རྣམ་པ་གཉིས་དབུས་པའི་ཉིན་ཐ་མའི་འཚོགས་འདུ་མཇུག་སྡོམ་སྐབས་མི་གྲངས་ 37 ཙམ་མཉམ་ཞུགས་བྱས་པའི་ཐོག་ནས་ལེགས་གྲུབ་བྱུང་ཡོད་པ་བཅས་སོ། །
ནང་ཆེན་ཉེར་ལྔའི་དབུས་བདེ་དོན་ལྷན་ཚོགས་ཀྱི་སྐབས་དང་པོའི་རྒྱུན་ལས་ཀྱི་ཚོགས་གཙོ་པདྨ་བཀྲ་ཤིས་ནས་སྤྱི་ལོ་ 1017 ལོའི་ཟླ་ 3 ཚེས་ 8 ཉིན་བྲིས།
སྤྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༤ ཉིན་ནས་དབུ་བཟུང་དབུས་ནང་ཆེན་ཉེར་ལྔའི་བདེ་དོན་ལྷན་ཚོགས་ཀྱིས་ནང་ཆེན་ལྔའི་ལྔའི་འགན་འཛིན་ལྷན་ཚོགས་ཐེངས་གཉིས་པ་བཞུགས་སྒར་རྡ་རམ་ས་ལར་སྟོད་པ་སྐྱིད་སྡུག་གི་ཚོགས་ཁང་དུ་འཚོགས་པའི་སྐབས་ཀྱི་འདྲ་པར།
སྤྱི་ལོ་ ༢༠༡༨ ལོའི་ཟླ་ ༤ ཚེས་ ༢༣ ཉིན་བལ་ཡུལ་འཕགས་པ་ཤིང་ཀུན་གྱི་ཉེ་འགྲམ་དུ་གློ་བོ་སྐྱིད་སྡུག་ཚོགས་པའི་ཚོགས་ཁང་ནང་དུ་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་མཆོག་སྤྲུལ་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་དང་། རང་གཞུང་བལ་ཡུལ་སྐུ་ངོ་དོན་གཅོད་མཆོག་གཉིས་དབུ་བཞུགས་ཐོག་ནས་བོད་བཙན་བྱོལ་ནང་དུ་ནང་ཆེན་ཉེར་ལྔའི་ཚོགས་པ་དབུ་བརྙེས་ནས་བགྲང་བྱ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོ་དང་། ནང་ཆེན་ཉེར་ལྔའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་ཐེངས་གཉིས་པ། ནང་ཆེན་ཉེར་ལྔའི་བདེ་དོན་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་གསུམ་པ་སྔ་དྲོ་དུས་ཚོད་ ༩ པའི་ཐོག་ནས་དབུ་འཛུགས་བྱས་ཤིང་སྤྱི་ལོ་ ༢༠༡༨ ལོའི་ཟླ་ ༤ ཚེས་ ༢༧ བར་ཉིན་ལྔའི་རིང་འཚོགས་པའི་སྐབས་ཀྱི་འདྲ་པར།
མཛད་སྒོ་དེ་དང་འབྲེལ་ནས་དབུས་ནང་ཆེན་ཉེར་ལྔའི་བདེ་དོན་ལྷན་ཚོགས་ཀྱི་ཚོགས་གཙོ་བུ་མང་ཚང་པདྨ་བཀྲ་ཤིས་མཆོག་ནས་རྩོམ་བྲིས་གནང་བའི་ལོ་ལྔ་བཅུ་འཁོར་བའི་དྲན་དེབ་ཁམས་སྟོད་ས་སྐྱོང་མེ་རྗེ་ ༸ནང་ཆེན་ཆོས་རྒྱལ་ཆེན་པོའི་རྒྱལ་རབས་མུ་ཏིག་ཕྲེང་བ་སྒོ་འབྱེད་མཛད་པའི་སྐབས་ཀྱི་འདྲ་པར།
མཛད་སྒ་དང་ཚོགས་འདུ་ཉིན་ཐ་མ་སྤྱི་ལོ་ ༢༠༡༨ ལོའི་ཟླ་ ༤ ཚེས་ ༢༧ ཉིན་ཐུགས་སྤྲོ་དང་འབྲེལ་ནས་ ༸ སྐྱབས་རྗེ་སྐྱོ་བྲག་བསྟན་སྙིང་རིན་པོ་ཆེ་ཆེད་ཕེབས་ཀྱི་ནང་ཆེན་ཉེར་ལྔའི་གནད་ཡོད་ཀྱི་མི་སྣ་ཁག་དང་། དེ་བཞིན་དུ་འོས་བབ་དང་མཐུན་པའི་མི་སྣ་ཁག་ལ་ལེགས་སོ་གསོལ་རས་གནང་བ་དང་། ནང་ཆེན་ཉེར་ལྔའི་དབུས་བདེ་དོན་ལྷན་ཚོགས་ཀྱི་སྐབས་གཉིས་པའི་རྒྱུན་ལས་གསར་པ་རྣམས་ལ་ཁ་དར་འབུལ་གནང་མཛད་པའི་འདྲ་པར། 