Central Welfare of Nangchen Nyernga – ནང་ཆེན་ཉེར་ལྔའི་དྲ་བ།

ནང་ཆེན་རྒྱལ་རབས།

༄༅། །ཁམས་སྟོད་ས་སྐྱོང་ནང་ཆེན་ཆོས་རྒྱལ་ཆེན་པོའི་རྒྱལ་རབས་ལེགས་བཏུས་མུ་ཏིག་ཕྲེང་བ་བཞུགས་སོ། །

དེའང་གུ་གེ་པུ་རང་ནས་སོག་ལ་སྐྱ་བོའི་ཡན་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ། སོག་ལ་སྐྱ་བོ་ནས་རྨ་ཆུ་ཁུག་པ་ཡན་མདོ་སྟོད་མགོ་ནག་མི་ཡི་ཆོལ་ཁ། རྨ་ཆུ་ཁུག་པ་ནས་རྒྱ་ཡི་མཆོད་རྟེན་དཀར་པོ་ཡན་མདོ་སྨད་རྟ་ཡི་ཆོལ་ཁ་སྟེ་མི་རྟ་ཆོས་གསུམ་གྱི་ཆོལ་ཁ་ཞེས་ཡོངས་སུ་གྲགས་པའི་ཡ་གྱལ་མདོ་སྟོད་མགོ་ནག་མི་ཡི་ཆོལ་ཁའི་མངའ་ཁོངས་སུ་གཏོགས་པའི་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་བར་མ་ཆད་པར་བྱོན་པའི་སྒོམ་སྡེའི་ས་སྐྱོང་ཆེན་པོ་ནང་ཆེན་ཆོས་ཀྱི་རྒྱལ་པོ་དེ་ཉིད་ཀྱི་ལྷ་རིགས་གདུང་རྒྱུད་གང་ལས་ཆད་པ་ཡིན་ཞེ་དེ་ཡང་རྒྱལ་རབས་འབེལ་གཏམ་ལས། རུས་ཆེན་དྲུག་ལས་འགྲན་བྲལ་ཨ་ལྕགས་འབྲུ། །དཔའ་མཛངས་འཕྲུལ་གྱི་རྩལ་དྲུག་ལུས་ལ་རྫོགས།  །ཆེན་པོའི་ལུང་དང་ལག་རྟགས་གཡུ་རལ་རྒྱས།  །མདོ་ཁམས་གངས་རིར་འགྱིང་བའི་སེང་གེ་མཆོག།།ཅེས་འབྱུང་བ་ལྟར་བོད་མིའུ་གདུང་དྲུག་གི་ནང་ནས་ཨ་ལྕགས་འབྲུ་སྟེ། ཇི་སྐད་དུ། ཡིག་ཚང་མཁས་པ་སྒ་ལ་ཡོད། །དཔའ་གཡེར་ཨ་ལྕགས་འབྲུ་ལ་ཡོད། །ཆེ་རྒྱུད་སྨུག་པོ་ལྡོང་ལ་ཡོད། །མང་སྣ་སེ་ཆུང་དབྲ་ལ་ཡོད། །ཅེས་དང་། དེ་བཞིན་དུ། མིའུ་གདུང་དྲུག་གི་རུས་མཛོད་ལས། རི་རྩ་བ་གསུམ་དེ་འབྲུ་ལ་ཐོབ། །འབྲུས་རྒྱལ་ས་ནོན་པ་དེ་ཡི་དོན། །ཞེས་གསུངས་པའི་ཨ་ལྕགས་འབྲུ་ཡི་གདུང་རིགས་ནི། ཇི་སྐད་དུ། འབྲུ་ཡིས་འབྲི་མོ་ཁྲོམ་ཁྲོམ་ཐོབ། །ཅེས་ཁྲི་དོ་ཆེན་མོའི་བུ་གསུམ་པ་ཨ་ལྕགས་འབྲུ་ལ་འབྲི་མོ་ཁྲོམ་ཁྲོམ་ཞེས་པའི་ས་ཆ་<<དེང་སང་འཇོ་མདའ་རྫོང་ས་དཀར་ཡུལ་ཚོའི་ཁོངས་གཏོགས་འབྲུ་ཁོག་ཞེས་པའི་ལུང་པ་དེ་ཡིན་པར་སྣང་། རབ་བརྟན་དགེ་ལེགས་ཕུན་ཚོགས་ཀྱིས་རྩོམ་བྲིས་གནང་བའི་(མདོ་ཁམས་གླིང་ཡུལ་ཞིབ་ཉུལ)ཞེས་པ་ལས། ལུང་པ་དེ་ཡི་འབྲུ་མདའི་ལམ་ཟུར་ན་འབྲུ་སྟག་རྒོད་གམ་འབྲུ་རྒན་སེ་བོའི་མཁར་ཤུལ་མིང་ལ་རྫོང་སྟག་མ་ཟེར་བའི་མཁར་ཤུལ་ཞིག་རོར་སོང་བའི་ས་འབུར་དང་། མཁར་མགོ་དགོན་པའི་མདུན་ཐད་ཀྱི་ལམ་ཆེན་གཡས་ལྟག་ལ་སྟག་རྒོད་བྲག་ཟེར་བའི་བྲག་དེལ་རྒྱབ་ན་འབྲུ་སྟག་རྒོད་ཀྱི་མཁར་ཤུལ་དངོས་སུ་ཡོད་པ་དང་། འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་གི་སྐུ་མཁར་ཕོ་བྲང་ཆེན་པོ་གསེར་ལུང་དགུ་རྫོང་ངམ་བྱ་ནག་ལྡིང་རྫོང་དུ་གྲགས་པ་སོགས་ཀྱི་ཤུལ་ད་ལྟའི་བར་དུ་བཞུགས་ཡོད་པ་སོགས་གསལ་པོར་གསུང་འདུག་པས་ཤེས་ནུས།>>དེ་ཐོབ་པ་ཡིན།  གཞན་ཡང་ནང་ཆེན་དབང་དྲག་རྒྱལ་པོའི་འབྲོང་པའི་རྟོགས་བརྗོད་ལས། དེ་ཡང་མིའུ་རུས་དྲུག་དང་། །འདྲེས་མ་སྣ་ཚོགས་བྱུང་བ་ལས། །འདིར་ནི་བོད་ཀྱི་མི་རྒྱུད་ལས།  །རིམ་པར་འཕོས་པའི་སྙིང་སྟོབས་ཅན། །དྲག་པོ་ཐོག་རྒོད་བུ་དྲུག་གིས། །བདུད་ལ་ཕ་ཤ་ལེན་དུ་སོང་། །གཅེན་པོས་བདུད་བཏུལ་ཡིག་ཚང་དང་། །བདུད་ཀྱི་ལས་ཀ་བཅོ་བརྒྱད་བླངས། །གསེར་གྱི་ཁྲི་ལ་ཧོར་སྟེགས་ཀྱིས། །འབྲུ་འབྲུ་བྱས་པས་འབྲུ་ཞེས་གྲགས། །དེ་ལས་རིམ་པར་མཆེད་པ་ལས། །ཨ་ལྕགས་འབྲུ་ཡི་གདུང་རབས་དང་། །ཨ་ཡ་མེད་པའི་མི་དྲུག་དང་། །གཏའ་མ་ལེན་པའི་མི་དྲུག་བྱུང་།…

ནང་ཆེན་ཞེས་པའི་མཚན་གྱི་ཅོད་པན་དབུ་བརྙེས་ཚུལ།

༢༽ གཉིས་པ་ལ་མི་དབང་ནང་ཆེན་རྒྱལ་རབས་ཀྱིས་གཞུང་བསྲངས་པ་ལ། ནང་ཆེན་ཞེས་པའི་མཚན་གྱི་ཅོད་པན་དབུ་བརྙེས་ཚུལ་དང་། གདུང་རབས་ནོར་བུའི་བང་མཛོད་དངོས་བཤད་པ། ༡༽དང་པོ་ནི། འོག་ནས་གསལ་བ་བཞིན་དུ་འབྲུ་སྤྱི་ཕུད་འཁོར་ལོ་བཟང་པོའི་དུས་ནས་ནང་ཆེན་ཞེས་ཐོག་ཚུལ་དང་། གདན་ས་སྐུ་འབུམ་དགོན་དུ་ཕོ་བྲང་ནང་སོ་ཆེན་པོ་བཞེངས་པ་ལ་བརྟེན་ནས་ནང་ཆེན་ཞེས་ཐོག་ཚུལ་དང་། འགྲོ་མགོན་ཆོས་རྒྱལ་འཕགས་པས་ཏྲེ་བོ་ཆོས་ཀྱི་རྒྱ་མཚན་ལ་ཆེན་པོའི་གོ་འཐོབ་སྤྲད་པ་ལ་བརྟེན་ནས་ནང་ཆེན་ཞེས་ཐོག་ཚུལ་གསུམ་ལས། འདིར་ནི་ནང་ཆེན་གསེར་ཕྲེང་ལས། <<ཨ་སྟག སེང་འཕེན། འབྲུག་སྲས། རྒོད་པོ་འབར་བཅས་ཡིན།>>ཞེས་གསུང་པའི་བུ་བཞི་ལ་ནང་ཆེན་གཉའ་བོ་ཁག་བཞི་ཟེར་སྲོལ་ཡོད་པ་ལ་དཔག་ན་བྱུང་ཚུལ་ཕྱི་མ་གཉིས་ཀྱི་སྔོན་ནས་ནང་ཆེན་ཞེས་ཐོག་ཡོད་པར་མངོན་འདུག རྒྱུ་མཚན་དེས་ན་འདིར་དང་པོའི་དབང་དུ་བྱས་ན། ཏྲེ་རབས་ལས། སྤྱི་ཕུད་འཁོར་ལོ་བཟང་པོ་དེ། །གནམ་བསྐོས་ཆེན་པོའི་ནང་བློན་མཛད། །ཅེས་སོགས་གསུངས་པ་བཞིན། གོང་དུ་གསལ་བའི་འབྲུ་སྤྱི་ཕུད་འཁོར་ལོ་བཟང་པོ་དེ་ཉིད་གནམ་ལྷ་བབ་ཀྱི་རྒྱལ་པོ། ས་ལྷུན་འགྲུབ་ཀྱི་མངའ་བདག མཚོ་མོ་བཞིན་འཁྱིལ་ནས་བཞུགས་པ་ལ། <<བོད་བཙན་པོ་སྲོང་བཙན་སྐབས་ཀྱི་རྒྱལ་རབས་ལས། ཞང་བློན་གསུམ་གྱིས་དབུས་ཀྱི་འདུན་ས་འཛིན་པ། དཔའ་སྡེ་གསུམ་གྱིས་མཐའ་ཡིས་སོ་ཁ་སྲུང་བ་བཅས་སྲིད་འཛིན་གནད་དྲུག་དང་ཞེས་པའི་དཔའ་སྡེ་གསུམ་གྱི་ཡ་གྱལ་ཡིན་པར་སྣང་>>འཇམ་དཔལ་དབྱངས་ཀྱི་སྤྲུལ་པར་གྲགས་པའི་གོང་མ་ཚངས་པ་ཆེན་པོའི་<<གོང་གི་གནམ་བསྐོས་རྒྱལ་པོ་ཞེས་པ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཡིན་པར་བཤད་མཁན་འདུག>>ནང་བློན་ཡོངས་ཀྱི་ཆེ་བ་ཞེས་པའི་གོ་ཐོབ་ཀྱི་ཆེ་བསྟོད་ཕུལ་བ་ལ། ཆེན་པོར་འོས་པའི་ལས་ཚན་བཅུ་གསུམ་བཞེས་པས། ནང་ཆེན་གྱི་མིང་དོན་བྱུང་བ་མ་ཟད། དྲང་ཞིང་ལྕི་བའི་ཁྲིམས་ཀྱིས་ཉེས་ཚོགས་བཅོམ་པས་ལུགས་གཉིས་ཀྱི་ཕྲིན་ལས་རྣམ་པར་དཀར་བའི་འབྲུ་རྗེ་ཞེས་པའི་རྒྱལ་རབས་ཀྱི་ཐོག་མ་དེ་ནས་དབུ་བརྙེས་པའི་མཚན་གྱི་ཅོད་པན་བྱུང་ཚུལ་ཡང་རྒྱལ་རབས་རྙིང་པ་ཐོར་བུ་འགར་འཁོད་འདུག་པས་དེ་ལྟར་ཡིན་པར་སྣང་། ཡུལ་ཏྲེ་བོ་རབ་ཁ་སོགས་ལ་དབང་བསྒྱུར་བའི་འབྲུ་གདུང་དྲི་མ་མེད་པའི་རྒྱལ་བརྒྱུད་བར་མ་ཆད་པར་བྱུང་ཡོད་པ་སྨོས་མ་དགོས་པ་ཡིན་པ་ཡང་། རྒྱལ་རབས་འབེལ་གཏམ་ལས། དཔའ་འབྲུ་གདུང་ཉི་མ་དྲི་མེད་ལ། །རྒྱལ་རབས་དགུ་བཅུ་གོ་བརྒྱད་འཕེལ། །ཕྱེད་དེ་ལྷ་བབ་གདུང་རྒྱུད་ཡིན། །དཔའ་འབྲུ་གདུང་དགྲ་ལྷའི་བུ་བདུན་ལ། །ལེགས་བཤད་སེང་གེའི་ང་རོ་ཡོད། །དེ་མང་དུ་བཤད་པའི་ལེགས་བཤད་ལ། །བརྒྱུད་གསེར་ཕྲེང་གི་པོ་ཏི་བཅུ་གསུམ་ཡོད། །ཅེས་པ་ལྟར་མདོར་ན་སྤྱི་ཕུད་འཁོར་ལོ་བཟང་པོའི་སྲས་ནོར་བུ་བཟང་པོ་སོགས་ནས་ཏྲེ་བོ་ཨ་ཀླུའི་གོང་ཡན་ཆད་ལ་གདུང་རབས་བཞི་བཅུ་ཞེ་གསུམ་བྱུང་བར་བཤད་པ་ནི་དེང་གི་དཀར་མཛེས་ས་ཁུལ་གྱི་ཏྲེ་བོ་རབ་ཁ་སོགས་ལ་དབང་བསྒྱུར་བའི་དུས་ཏེ་གདུང་རབས་སྔ་དར་གྱི་ཐ་སྙད་བྱས་ན་ཆོག་པར་སྣང་ངོ་། །

༢༽ ནང་ཆེན་གདུང་རབས་ཞེ་ལྔ་པ་དང་རྒྱལ་རབས་གཉིས་པ་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་གྱི་སྐབས།

  དེའི་སྲས་ཆོས་ཀྱི་རྒྱལ་མཚན་ནི་རབ་བྱུང་བཞི་པའི་སྨད་ཙམ་ལ་གོང་སྨོས་འབྲུ་རྗེའི་གདུང་རབས་ཞེ་བདུན་པ་ཏྲེ་བོ་ཨ་ཀླུའི་སྲས་བདུན་གྱི་བཞི་པར་འཁྲུངས། བྱང་ཆུབ་མགོན་པོའི་དྲུང་ནས་རབ་ཏུ་བྱུང་ཞིང་འདུལ་བ་འཛིན་པའི་ཁྱུ་མཆོག་ཆེན་པོར་གྱུར། གཙང་ས་སྐྱར་བྱོན་ཏེ། བླ་ཆེན་འཕགས་པ་མཇལ། གསེར་ཆོས་སོགས་སྨིན་གྲོལ་གྱི་བཅུད་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་དགྱེས་བཞིན་གནང་། ཁྱད་པར་དུ་ཚོགས་བདག་དམར་ཆེན་གྱི་སྒྲུབ་ཐབས་མན་ངག་བཀའ་རྒྱ་ཅན་གནང་། འདི་ཡི་དུས་ཧོར་གྱི་རྒྱལ་པོ་ཐོ་གན་ཐི་མུར་གྱིས་ཧོར་དང་རྒྱ་ནག་གཉིས་ཀའི་རྒྱལ་པོ་མཛད་སྐབས་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་ནང་ཆེན་ནང་གི་གདན་ས་ལ་བཞུགས་པའི་བཀའ་ཤོག་ཕབ་པའི་སྟེང་གནོན་དུ། འགྲོ་མགོན་ཆོས་རྒྱལ་འཕགས་པས་ཀྱང་། བྱང་ཆུབ་སེམས་དཔའི་གདུང་འཛིན། འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ནང་ཆེན་ཆོས་ཀྱི་རྒྱལ་པོ་ཞེས་པའི་འཇའ་ས་བསྒྲགས། བ་སོའི་ལས་ཐམ་འབྲུ་དོན་སྤྱི་བོ་ནས་དབང་བསྐུར་བ་ཆེན་པོ་ཞེས་དང་། རྟགས་ཐམ་ཧཱུཾ་ཐམ་གྲུ་བཞི་པ་རྒྱུ་མ་ན་ཧོ་ལས་གྲུབ་པ་བཅས་ཀྱིས་གཟེངས་བསྟོད་བསྩལ། <<དེ་ཡང་འབའ་རོམ་ནང་སོ་རི་ཁག་བཅོ་བརྒྱད་འབྱུང་ཁུངས་སྟག་གི་གཟུགས་འཛིན་དབང་པོའི་ལྕགས་ཀྱུ་ལས། ས་སྐྱའི་ནང་ཆེན་ནང་གི་ཁྲི་ལ་བཞུགས་དགོས་གསུངས་པའི་བཀའ་ཤོག་ཇ་འདྲེན་དང་ཁྱེད་རས་ཚང་སྒོམ་སྡེ་དང་རབས་ཁ་བ་གཉིས་ལ་གཏོགས་པའི་ལྷ་ཁང་དགོན་པ་བུ་སློབ་ཡོན་བདག་འཁོར་ཁ་སྡེ་རིས་རྣམས་ཀྱི་ངེས་རྒྱུར། སྤྱན་སྔ་ཆོས་ཀྱི་རྒྱལ་མཚན་གོང་གི་འཇའ་ས་དང་བཀའ་ཤོག་རིམ་པའི་ལུང་བཞིན་དུ། ནང་ཆེན་ནང་གི་ཁྲི་ལ་བཞུགས་རྒྱུ་ཡིན་པས། འདི་པས་དབང་བའི་ལྷ་ཁང་དང་དགོན་པ་འཚེར་མ་འབབ། ཅེས་པ་ལ་སོགས་པའི་བཀའ་ཤོག་བྱུང་སྟེ།>> ལྕགས་ཕོ་བྱི་བའི་ལོར་ཆོས་ཀྱི་རྒྱལ་མཚན་ནང་ཆེན་ནང་གི་ཁྲི་ལ་འཁོད། རྡོ་ཏི་གངས་དཀར་སོགས་གནས་དྲུག་ཁྲི་སྐོར་དུ་གྲགས་པའི་མདོ་ཁམས་སྟོད་མ་ཁྲིམས་སུ་བཅུག ཏྲེ་རབས་ཁ་ཡན་གྱི་ཁྲལ་འུ་ལག་ཐམས་ཅད་སྐུ་འབུམ་དུ་བསྡུས་ཞེས་གསལ་བས། སྔོན་ནས་འབྲུ་སྤྱི་ཕུད་འཁོར་ལོ་བཟང་པོ་ལ་གོང་མ་ཚངས་པ་ཆེན་པོས་ཆེན་པོར་འོས་པའི་ལས་ཚན་བཅུ་གསུམ་གྱི་གོ་ཐོབ་བསྩལ་པའི་འབྲུ་གདུང་དྲི་མ་མེད་པ་ཡིན་པའི་ཤེས་བྱེད་དང་བསྐྱར་གསོའི་ཚུལ་དུ་འབྲུ་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་ལ་ཡང་། ཆོས་རྒྱལ་འཕགས་པ་རིན་པོ་ཆེས། ཆེན་པོར་འོས་པའི་ལས་ཚན་བཅུ་གསུམ་ཞེས་པའི་ལས་ཐོབ་བསྩལ་པས་སྒོམ་སྡེ་ནང་ཆེན་པ་ཞེས་པའི་མཚན་གྱི་དངོས་གཞི་འདི་ནས་བྱུང་བ་ཡིན། དེ་ནས་བཟུང་སྟེ་རས་ཚང་སྒོམ་སྡེ་དང་། ཏྲེ་རབས་ཁ་བ་གཉིས་ཀྱི་སྡེ་སྲིད་ཀྱི་རྩོད་གཞི་ཡང་དཀར་འཇམ་ཡུག་གཅིག་ཏུ་གྱུར་ནས་ཞི་འཇམ་དུ་སོང་ཡོད་པར་མངོན། གཞན་ཡང་སྡེ་གཞུང་རིན་པོ་ཆེའི་གསུང་འབུམ་ནང་དུ་གསལ་བ་ལྟར་ན། << ནང་ཆེན་རྒྱལ་པོ་ནི་བོད་ཆོས་རྒྱལ་གྱི་གདུང་རྒྱུད་འཁྲུལ་མེད་ཡིན་པ། ཨོ་རྒྱན་ཆེན་པོའི་གཏེར་ཁ་དུ་མ་ནས་ལུང་གིས་ཟིན་པ་ལྟར་དམ་པ་མང་པོའི་ཞལ་བཞེས་དང་། ཏི་ཤྲཱི་རས་པ་དཀར་པོ་ནས་ད་བར་བརྒྱུད་པ་མ་ཆད་པར་བྱུང་བ་དེ་ནི། ས་སྐྱའི་བླ་ཆེན་འཕགས་པས། ལུང་དང་ལག་རྟགས་གནང་། སྲུང་མར་དཔལ་ཆེན་ཚོགས་ཀྱི་བདག་པོ་གནང་བའི་རྟེན་འབྲེལ་གྱིས། ནང་ཆེན་ཆིང་ཧུ་ཞེས་སྟོབས་འབྱོར་རིགས་བརྒྱུད་མཉམ་པར་གྲགས། རྒྱལ་པོ་ཞིག་ཐུགས་ཅུང་ཟད་གླེན་པའི་ཚུལ་དུ་ཡོད་པས། ངའི་ཕོ་བྲང་དེ་ཕྱི་ཆུང་ངུ་ལ། ནང་ཆེན་པོ་ཡོད་པ་ཞིག་བརྩིགས་དགོས་གསུངས་པ་ལ་མི་ཀུན་མཚར་སྣང་སྐྱེས་ནས། མཚན་ལ་ནང་ཆེན་ཚང་དུ་ཐོགས།…

༣༽ ནང་ཆེན་གདུང་རབས་ཞེ་ལྔ་པ་དང་རྒྱལ་རབས་གསུམ་པ་དཔོན་ཨ་ཡུལ་བའི་སྐབས།

  ཏྲེ་བོ་ཨ་ཀླུའི་སྲས་གསུམ་པ་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་གྱི་སྐུ་མཆེད་དཔོན་ཨ་ཡུལ་གྱིས་གདུང་རྒྱུད་བཟུང་ཞིང་རྒྱལ་སྲིད་བསྐྱངས། དེའི་དུས་སུ་གོ་འཇོ་ཨ་ཡི་རྒྱལ་པ། གོ་ཐང་གོ་ཡི་རྒྱལ་པོ། ནེ་ལེ་ཁྱུང་གི་རྒྱལ་པོ་རྣམས་གནན། བསྟན་པའི་རྒྱལ་མཚན་བསྒྲེངས་ཤིང་ཆོས་སྲིད་ཀྱི་མཛད་པ་ནམ་མཁའ་དང་མཉམ་མོ། །

༤༽ ནང་ཆེན་གདུང་རབས་ཞེ་དྲུག་པ་དང་རྒྱལ་རབས་བཞི་པ་ཀུན་དགའ་འབུམ་གྱི་སྐབས།

  ནང་ཆེན་རྒྱལ་པོ་ཨ་ཡུལ་བ་ལ། སྲས་ཀུན་དགའ་འབུམ་དང་ནམ་མཁའ་རྒྱལ་མཚན་གཉིས་ཡོད།  ནམ་མཁའ་རྒྱལ་མཚན་ཆོས་ཀྱི་རྒྱལ་མཚན་མདུན་ནས་རབ་ཏུ་བྱུང་ཞིང་གདམས་པ་ཐམས་ཅད་གསན་ནས་ཕོ་བྲང་ནང་སོ་ཆེན་མོའི་གདན་ས་མཛད། ཀུན་དགའ་འབུམ་གྱིས་ཆབ་སྲིད་ཀྱི་འགན་བཞེས་མ་ཉམས་པར་བསྐྱངས་ཏེ་བཞུགས་སོ། །

༥༽ ནང་ཆེན་གདུང་རབས་ཞེ་བདུན་པ་དང་རྒྱལ་རབས་ལྔ་པ་སེང་གེ་དཔལ་གྱི་སྐབས།

  ནང་ཆེན་རྒྱལ་པོ་ཀུན་དགའ་འབུམ་ལ། སྲས་སྡེ་པ་སེང་གེ་དཔལ། མགོ་པ་ཡོན་ཏན་རྒྱ་མཚོ། སྤྱན་སྔ་དཔལ་ལྡན་རྒྱ་མཚོ། གུ་ཤྲཱི་བསམ་འགྲུབ་རྒྱ་མཚོ་དང་བཞི་ཡོད། གཅུང་སེང་གེ་དཔལ་གྱིས་རྒྱལ་སྲིད་བཟུང་བས་ལུགས་གཉིས་ཡར་ལྡན་དུ་འཕེལ། ཡོན་ཏན་རྒྱ་མཚོ་རབ་ཏུ་བྱུང་ཞིང་ལྕི་སྟོད་ཀཿམདའ་སྣར་རྫི་བོ་ཐོད་དཀར་ཞེས་པའི་རྫོང་བརྩིགས་ཏེ་བཞུགས། སྤྱན་སྔ་དཔལ་ལྡན་རྒྱ་མཚོ་རབ་ཏུ་བྱུང་ཞིང་ནང་སོ་ཆེན་མོའི་ཆོས་ཁྲིར་འཁོད། འདི་ཡི་དུས་ཀརྨ་པ་དེ་བཞིན་གཤེགས་པ་ཏཱ་མིང་གཡུང་ལོ་རྒྱལ་པོས་རྒྱ་ནག་ལ་སྤྱན་དྲངས་ནས་ཡར་ལམ། སྐུ་འབུམ་དགོན་དུ་སྤྱན་དྲངས། བསམ་འགྲུབ་རྒྱ་མཚོའི་གཙུག་ཕུད་བཞེས་ཤིང་ཐེག་ཆེན་ཆོས་རྗེ་ལས་རབ་ཏུ་བྱུང་བས་མཚན་ཀརྨ་ཀུན་དགའ་དཔལ་བཟང་པོ་ཞེས་གསོལ། ཀརྨ་པའི་ཕྱག་ཏུ་ཏཱ་མིང་གོང་མས་གནང་བའི་མི་ཆེན་བཅུ་གསུམ་གྱི་གོ་གནས་འཇའ་ས་བསྣམས་ཡོད་པ་ལས། བསམ་འགྲུབ་རྒྱ་མཚོ་ལ་ཀོན་ཏིང་གུ་ཤྲཱིའི་ལས་གནས་དང་འབྲེལ། གསེར་ནག་ཁྱོར་དྲུག་གི་ལས་ཐམ་ལ། ཀྭན་ཏིང་ཙིང་ཀྱའི་ཤིན་ཧུའི་ཤེ་གོོ་ཝེ་ཤྲཱི། བོད་སྐད་ལ་འབྲུ་དོན་དུ་སྤྱི་བོ་ནས་དབང་བསྐུར་བ་ཆེན་པོ་རྒྱལ་ཁམས་ཀྱི་བླ་མ་ཆོས་ཁྲིམས་འཆའ་བའི་རྒྱལ་པོ་ཞེས་འཁོད་པ། ཐམ་གཡོག་བ་སོའི་ལས་ཐམ་དང་མ་ན་ཧོ་ལས་གྲུབ་པའི་ཧཱུྃ་ཐམ། སྟག་མགོ་ནོར་བུ་གསུམ་པའི་ལས་ཐོབ། རྨ་བྱའི་གདུགས། ཕེབས་བྱམས། གོས་ཆེན་ཏིང་ཕོད་དཀར་པོ་ཡུག་རིང་ལ་རྒྱ་བོད་ཡིག་རིགས་ཤན་སྦྱར་གྱི་འཇའ་ས་ཆེན་མོ་མ་ན་ཧོ་ཡི་སྒྲིལ་ཤིང་ཅན་བཅས་བསྩལ། སྟག་མགོ་ནོར་བུ་གསུམ་པ་སོགས་འཇིག་རྟེན་གྱི་གནང་བ་རྒྱ་ཆེན་པོ་དང་བཅས་ཏེ་གདན་སར་བསྐོས། ལུགས་གཉིས་ཀྱི་བཀའ་ཁྲིམས་འཛིན་པའི་གོ་གནས་བསྩལ། སངས་རྒྱས་ཀྱི་བསྟན་པའི་ཞབས་འདེགས་རླབས་པོ་ཆེ་དགོས་པ་དང་། གཅིག་གིས་གཅིག་ལ་འཚེ་བ་མི་བྱེད་པའི་བཀའ་ཁྱབ་གནང་། ལྷ་ཁང་དང་དགོན་པའི་འཛིན་སྐྱོང་དཔེ་མེད་མཛད། གསེར་གྱི་བཀའ་བསྟན་འགྱུར་བཞེངས། ངོ་མཚར་བའི་ལྟས་དང་བཅས་ཏེ་གདུལ་བྱ་གཞན་དུ་གཤེགས།

༦༽ ནང་ཆེན་གདུང་རབས་ཞེ་བརྒྱད་པ་དང་རྒྱལ་རབས་དྲུག་པ་གྲགས་པ་རྒྱལ་མཚན་གྱི་སྐབས།

  ནང་ཆེན་རྒྱལ་པོ་སེང་གེ་དཔལ་གྱི་སྲས་གྲགས་པ་རྒྱལ་མཚན་གྱི་སྐུ་དུས་སུ་རོག་དཔལ་ནས་ཐོ་དཀར་<<ཐ་དཀར་ཡང་ཟེར་འདུག>>ཞེས་པའི་མཁར་རྫོང་བླངས། གུ་ཤྲཱི་བསམ་འགྲུབ་རྒྱ་མཚོས་ནང་སོ་ཆེན་མོའི་གདན་རབས་བསྐྱངས་ཤིང་ལུགས་གཉིས་ཀྱི་མཛད་ཕྲིན་ཆེ་བར་མངོན་ནོ།།

༧༽ ནང་ཆེན་གདུང་རབས་ཞེ་དགུ་པ་དང་རྒྱལ་རབས་བདུན་པ་ཞང་ལྷའི་སྐབས།

  དཔོན་རྒན་གྲགས་པ་རྒྱལ་མཚན་དང་ཡུམ་གསེར་བཟའ་གཉིས་ལ་སྲས། ཞང་ལྷ། ཀུན་དགའ་རྒྱ་མཚོ། གུ་ཤྲཱི་ཆོས་དཔལ་བཟང་པོ། འོད་ཟེར་བཟང་པོ་སྟེ་གསེར་བཟའི་བུ་བཞི་གྲགས་པ་ལས། གུ་ཤྲཱི་ཆོས་དཔལ་བཟང་པོ་ཀུན་དགའ་དཔལ་བཟང་ལས་རབ་ཏུ་བྱུང་། སྔར་སྲོལ་གྱི་གདམས་བཅུད་ཐམས་ཅད་རྫོགས་པར་གསན། ནང་སོ་ཆེན་མོའི་གདན་ས་མཛད། ཆེ་བ་ཞང་ལྷས་སྡེ་སྲིད་བསྐྱངས་ཤིང་བཙུན་མོ་གཉིས་བཞེས་པ་ལས། ཆེན་མ་ཁྱུང་བཟའ་ལ་སྲས་གསུམ་བྱུང་བ་རབ་ཏུ་བྱུང་ཞིང་བླ་མའི་གདན་ས་བསྐྱངས། ཆུན་མ་དངུལ་བཟའ་ལྷ་མོ་སྒྲོན་ལ་སྲས་རྟགས་མཚན་ཅན་ཞིག་སྐྱེས་པ་དེ་ཉིད་སྟག་ལུང་དུ་ཕེབས། ཀུན་མཁྱེན་ངག་དབང་གྲགས་པའི་མདུན་ནས་བསྙེན་པར་རྫོགས་ནས་མཚན་དཔལ་ལྡན་སངས་རྒྱས་གྲགས་པ་ཞེས་གནང་ཞིང་བསྟན་པའི་བདག་པོར་མངའ་གསོལ། ལོ་བཅུ་གཉིས་རིང་སྟག་ལུང་གི་ཆོས་སྲིད་བསྐྱངས་པས་ནང་ཆེན་སངས་རྒྱས་གྲགས་པ་ཞེས་གྲགས་ཤིང་མངོན་པར་བསྟོད་པ་མ་ཟད། སྟག་ལུང་པའི་ནང་རྟེན་ཕུང་བྱེད་ནོར་བུ་གཟི་འབར་དང་། ཡ་གསུམ་སྟོད་མའི་རྫོང་དང་བཅས་པའི་གདན་སར་བསྐོས། དེ་དག་ལ་དབང་བསྒྱུར་བས་ཕྲིན་ལས་རྒྱས་ཤིང་རིམ་པས་དུས་སྐབས་དེར་ནང་ཆེན་ཚང་སྟོད་ཀྱི་ཡ་གསུམ་སྟོད་མ་ནས་སྨད་ཀྱི་ནང་ཆེན་གནས་དྲུག་ཁྲི་སྐོར་ཡན་ཆད་ཀྱི་བདག་པོར་གྱུར་པས་སྒོམ་སྡེ་ནང་ཡ་གཉིས་ཞེས་བྱུང་བ་ཡིན་འདུག་གོ །

༨༽ ནང་ཆེན་གདུང་རབས་ལྔ་བཅུ་པ་དང་རྒྱལ་རབས་བརྒྱད་པ་གཅོད་པ་རྒྱལ་གྱི་སྐབས།

  ནང་ཆེན་རྒྱལ་པོ་ཞང་ལྷའི་ཡུམ་ཁྱུང་བཟའ་ལ་སྲས། གཅོད་པ་རྒྱལ་དང་། གྲགས་པ་ཟེར་བ་གཉིས་ཡོད་པ་ལས། གཅོད་པ་རྒྱལ་གྱིས་ནང་ཆེན་སྨད་མའི་སྲིད་བསྐྱངས། གྲགས་པས་རྗེས་སུ་ནང་སོ་ཆེན་མོའི་གདན་ས་མཛད་ནས་བཞུགས།