Central Welfare of Nangchen Nyernga – ནང་ཆེན་ཉེར་ལྔའི་དྲ་བ།

བོད་ཀྱི་ལོ་རྒྱུས།

བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ།

དེབ་སྔོན་དུ་ཁྲི་བཙན་པོ་འོད་ལྡེ་ཞེས་པ་དང་དོན་གཅིག་བོད་རྒྱལ་རབས་ཀྱི་ཐོག་མ་དེ་གང་ནས་བྱོན་པ་ལ། གཟུགས་ཁམས་འོད་གསལ་ལྷ་ལས་བབས་པ་དང༌། ཤཱཀྱའི་རྒྱལ་རྒྱུད་ཡིན་པ་སོགས་གཏམ་རྒྱུད་འདྲ་མིན་ཡོད་ཅིང༌། གང་ལྟར་ཡུལ་གང་ཞིག་ནས་བོད་ཡུལ་བཙན་ཐང་སྒོ་བཞིར་སླེབས་པའི་ཚེ་བོད་མི་རྣམས་ཀྱིས་མཐོང་སྟེ་མི་ལས་འདས་པའི་མཚན་དང་ལྡན་པས་ཡ་མཚན་སྐྱེས་ཏེ་གང་ནས་བྱོན་དྲིས་པར། སྐད་བརྡ་མ་འཕྲོད་པར་གནམ་ལ་མཛུབ་མོ་ཀེར་བས་ལྷ་ལས་ཆད་པར་གོ་ནས། བོད་ཁམས་ཀྱི་རྒྱལ་པོར་འོས་སོ་ཞེས་གཉའ་བར་བཏེགས་ནས་འོང་བས་གཉའ་ཁྲི་བཙན་པོ་ཞེས་གྲགས་ལ། དེ་དུས་བོད་ལ་ཡུལ་རྗེ་བཅུ་གཉིས་ཡོད་པའི་སྤྱིའི་དབང་པོར་གྱུར་པས་བོད་སྤྱིའི་རྒྱལ་པོའི་ཐོག་མ་ཡིན་ལ། གནམ་གྱི་ཁྲི་བདུན་དུ་གྲགས་པའི་དང་པོ་ཡང་ཡིན།

ལྷ་ཐོ་ཐོ་རི་གཉན་བཙན།

སྤུ་རྒྱལ་ཉེར་བརྒྱད་པ་འདི་ལ་ལྷ་ཐོ་ཐོ་རི་སྙན་ཤལ་ཡང་ཟེར། རྒྱལ་པོ་འདི་ཡབ་རྒྱལ་པོ་ཁྲི་ཐོག་རྗེ་བཙན་དང་། ཡུམ་རུ་ཡོང་བཟའ་སྟོང་རྒྱལ་མོ་མཚོ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༣༧༤ པའི་ཤིང་ཁྱི་ལོར་སྐུ་བལྟམས། ལྕམ་རྣོ་བཟའ་མང་དགའ་ཁབ་ཏུ་བཞེས་ནས་ཡུན་རིང་མ་སོང་བར་སྲས་ཁྲི་གཉན་གཟུང་བཙན་འཁྲུངས་པར་གྲགས། རྒྱལ་པོ་འདིའི་སྐུ་རིང་ཕྱི་ལོ་༤༣༣ པའི་ཆུ་བྱ་ལོར་བལ་པོའི་ཡུལ་ནས་པནྚི་ཏ་བློ་སེམས་འཚོ་དང་། ལོ་ཙཱ་བ་ཐི་ལེ་སེ་གཉིས་ཀྱིས་སྤང་ཀོང་ཕྱག་རྒྱ་པ་དང་། གསེར་གྱི་མཆོད་རྟེན་ཁྲུ་གང་པ་གཅིག མདོ་སྡེ་ཟ་མ་ཏོག་དང་། སྙིང་པོ་ཡིག་གེ་འབྲུ་དྲུག་པ། ཙིནྡ་མ་ཎིའི་རྐོས་ཕོར། མུ་ཏྲའི་ཕྱག་རྒྱ་ཞེས་པ་ནོར་བུའི་རིགས་ཀྱི་རྡོ་ལ་ཡིག་དྲུག་རང་བྱོན་ཅན་ཚད་ཁྲུ་གང་ཙམ་གཅིག་བཅས་ཁྱེར་ནས་བོད་དུ་འོངས་ཏེ་ཕོ་བྲང་ཡུམ་བུ་བླ་སྒང་དུ་བཞུགས་པའི་སྤུ་རྒྱལ་ལྷ་ཐོ་ཐོ་རིའི་ཕྱག་ཏུ་ཕུལ། རྒྱལ་པོ་ངོ་མཚར་སྐྱེས་ཏེ་ཕོ་བྲང་གི་དཀོར་མཛོད་དུ་བཞུགས་སུ་གསོལ། གསེར་སྐྱེམས་དང་གཡུ་སྔོན་གྱིས་མཆོད་པ་བྱས། མཚན་གཉན་པོའི་གསང་བ་ཞེས་གསོལ། གདུང་རབས་ལྔ་ན་དེའི་དོན་ཤེས་ཡོང་ཞེས་ལུང་བསྟན་ཐོབ། རྒྱལ་པོས་ཕྱག་དང་བཀུར་བསྟི་རྒྱ་ཆེར་བྱས་པས་བོད་དུ་སངས་རྒྱས་ཆོས་ལུགས་ཀྱི་དབུ་དེ་ནས་བརྙེས་པར་གྲགས། ཕྱི་ལོ་ ༤༩༣ པའི་ཆུ་བྱ་ལོར་སྐུ་གཤེགས། དེ་ལྟར་བཙན་ལྔ་པོའི་མཆད་པའམ་བང་སོ་འཕྱིང་ལུང་དར་བ་ཐང་དུ་བཏབ་སྟེ་སྦྲ་འདྲ་བའི་ས་ཕུང་བྱས་ཡོད་དོ། །  (འཁྲུངས་ལོ་༣༧༣ དང་འཚོ་ལོ་དགུང་གྲངས་ ༧༩ བར་དང་འདས་ལོ་ལྕགས་ཡོས་ཕྱི་ལོ་་ ༤༥༢ ཙམ་ལ་འདས་སོ་ཞེས་བཞེད་མཁན་པ་མང་ངོ་།།

ཁྲི་གཉན་བཟུང་བཙན།

དུས་རབས་ལྔ་པའི་མཇུག་ཙམ་བྱུང་བའི། སྤུ་རྒྱལ་ཉེར་དགུ་པ་ཁྲི་གཉན་གཟུང་བཙན་ནི། ཡབ་རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་དང་། ཡུམ་རྣོ་བཟང་མང་དགའ་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་གཤེན་ཞང་ཞུང་ཚ་ལ་ཞེས་པས་མཛད། སྦས་སྣང་གཞེར་ལྷ་བཙན་དང་། མགར་ཁྲི་འབྲིང་གཉིས་ཀྱིས་བློན་པོ་བྱས། རྒྱལ་པོ་རང་གི་མའི་མིང་པོ་ལ་ཞང་ཞེས་བོས་པས་དེའི་ཕྱིན་ཆད་དུ་མ་ཡི་མིང་པོ་ལ་ཞང་དུ་འབོད་པའི་སྲོལ་ཡོད། འབྲོ་བཟའ་མོ་དུང་ཡང་གཞེར་ཁབ་ཏུ་བཞེས། སྐུ་གཤེགས་པའི་དུས་སུ་བང་སོ་དོན་མཁར་མདའ་རུ་བརྩིགས་ཤིང་དེ་ཡང་ཕུལ་མེད་པས་ཕུང་བརྡལ་པ་འདྲ་བ་ཞིག་ཡོད་དོ།། བར་ཀ་བཙན་དྲུག བོད་ཀྱི་རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྲས་ཁྲི་གཉན་གཟུང་བཙན་གྱི་མཚན་གཞན་ཡིན།

འབྲོང་གཉན་ལྡེའུ།

སྤུ་རྒྱལ་སུམ་ཅུ་པ་འབྲོང་གཉན་ལྡེའུ་ནི། (དུང་དཀར་ཚིག་མཛོད་ཕྱི་ལོ་༣༩༤ པའི་སུ་ཤིང་རྟ་ལོར་)ཡབ་ཁྲི་གཉན་གཟུང་བཙན་དང་། ཡུམ་འབྲོ་བཟའ་མོ་དུང་ཡངས་གཞེར་(ཡུམ་འབྲོ་བཟའ་དུང་འཕྱང་བཙན་པོའོ་རྒྱལ་རབས)གཉིས་ཀྱི་སྲས་སུ་འཁྲུངས། སྐུ་གཤེན་ཕོན་པོ་མ་རུང་གིས་མཛད། གཉགས་ཐང་བ་ཡར་རྗེ་དང་གནུབས་ཁྲོ་དར་རེ་མཐོང་གཉིས་ཀྱིས་བློན་པོ་བྱས། སྐུ་གཞོན་པའི་དུས་སུ་སུམ་པའི་ཡུལ་དུ་བྱོན་སྐབས་བོན་པོ་ཞིག་གི་ཆུང་མ་རྒྱ་མོ་ཆ་ལྕམ་བྱ་བ་དང་འབྲེལ་བྱུང་ནས་སྲས་སུམ་རི་རིང་པོ་ཞེས་པ་ཞིག་འཁྲུངས་བར་གྲགས་ཀྱང་འབངས་ཀྱིས་ཁས་མ་བླངས་པར་ཡོད་ཅེས་བཤད། དེ་ནས་རྗེས་སུ་བཙུན་མོ་ལྕམ་མཆིམས་བཟའ་ཀླུ་རྒྱལ་ཁབ་ཏུ་བཞེས་པར། རྗེ་སུ་རྒྱལ་པོ་ལ་མཛེ་ནད་ཕོག་པ་དང་། བཙུན་མོ་ལ་སྲས་ཀྱང་དམུས་ལོང་ཞིག་འཁྲུངས་སོ།། དེ་ཅུང་ཟད་ཆེར་ལོངས་པ་ན་ཡབ་ཀྱིས། ཁྱོད་ཀྱིས་འ་ཞའི་ཡུལ་ནས་སྨན་པ་བོས་ཏེ་མིག་ཕྱེས་ལ་རྒྱལ་ས་ཟུངས། གལ་ཏེ་མིག་འབྱེད་མ་ཐུབ་ན། སུམ་པའི་ཡུལ་དུ་བོན་པོའི་ཆུང་མ་རྒྱ་མོ་ཆ་ལྕམ་བྱ་བ་ལ་ངའི་བུ་སུམ་རི་རིང་པོ་ཞེས་པ་ཡོད་པས་དེ་བོས་ནས་ཁྱོད་རང་གཤེགས་རྫུ་གྱིས་ལ་ཁོ་རྒྱལ་སར་ཆུག་ཅེས་གསུངས་ཏེ། ཡབ་ཡུམ་གཉིས་བློནཔོ་སྙགས་ཐང་པ་ཡར་རྗེ་དང་བཅས་པ་གདུང་རྒྱུད་ལ་སྙུན་མི་ཕོག་པའི་ཆེད་དུ་ཡར་ཀླུང་ཞང་མདར་བང་སོ་བརྩིགས་ནས་གསོན་པོར་དུར་དུ་བཞུགས་པར་གྲགས་ཤིང་བང་སོའི་མིང་ལ་ཡང་གསོན་མཆད་ཟླུམ་པོ་ཞེས་ཟེར་རོ།། བོད་ཡུལ་འདིར་མཛེ་ནད་གཞན་ལ་འགོ་བ་འགོག་པའི་ཆེད་དུ་མཛེ་ནད་ཕོག་པའི་ནད་པར་སྡོད་གནས་དུར་ཁྲོད་ཀྱི་འགྲམ་མམ་ཡང་ན་རི་སྟོང་དུ་ཁང་པ་བརྩིགས་ཏེ་སྡོད་དུ་བཅུག དེ་ལ་ཉིན་ལྟར་འཚོ་བའི་ཉེར་སྤྱོད་སྒེའུ་ཁུང་བརྒྱུད་དེ་སྤྲོད་པའི་སྲོལ་དེང་གི་བར་དུ་གནས་ཡོད།

སྟག་རི་གཉན་གཟིགས།

སྤུ་རྒྱལ་སོ་གཅིག་པ་དཀོན་པ་བཀྲ་ཤིས་འམ་སྟག་རི་གཉན་གཟིགས་ནི། (ལོ་རྒྱུས་རེའུ་མིག་ ཕྱི་ལོ་ ༥༧༩ པ་ས་ཕག་ལོ་ཙམ་ལ་)ཡབ་འབྲོང་གཉན་ལྡེའུ་དང་། ཡུམ་མཆིམས་བཟའ་ཀླུ་རྒྱལ་གཉིས་ཀྱི་སྲས་སུ་འཁྲུངས། འདི་ཉིད་བལྟམས་པའི་དུས་སུ་དམུས་ལོང་དུ་བྱུང་། རྗེས་སུ་ཡབ་ཀྱི་ཞལ་ཆེམས་བཞིན་འདི་ཉིད་ཀྱིས་འ་ཞའི་ཡུལ་ནས་སྨན་པ་མཁས་པ་གདན་དྲངས་ནས་མིག་ཕྱེས་པ་དང་སྟག་མོ་རི་ལ་རི་དྭགས་གཉན་འགྲོ་བ་གཟིགས་ཐུབ་པ་བྱུང་བས་མཚན་སྟག་རི་གཉན་གཟིགས་སུ་གསོལ་བར་གྲགས། ་ཁྲི་ངོར་སྣང་བཙན་མོང་། སྣ་ནམ་མང་གཉའ། སྦྲང་ཁྲི་ཟུང་ལན་པ་རྣམས་ཀྱིས་བློན་པོ་བྱས། ར་སངས་ཁྲི་ནེ་ཁོད་ཀྱིས་སྐུ་གཤེན་མཛད། སྟོང་བཙུན་འབྲོ་དཀར་ཁབ་ཏུ་བཞེས། སྐབས་དེར་རྒྱལ་ཕྲན་གོང་མ་རྣམས་ཀྱི་དུས་སུ་བཀའ་ཡི་མངའ་ཁོངས་ལས་བུད་ཟིན་པའི་རྒྱལ་ཕྲན་རྣམས་ཀྱི་སུམ་གཉིས་མངའ་འོག་ཏུ་བསྡུས། བན་པ་རྗེ། འ་ཞ་རྗེ། དྲང་གར་རྗེ། ཟིན་པོ་རྗེ། ཞང་ཞུང་རྗེ་རྣམས་འདུལ་བའི་འགོ་ཚུགས། ཉང་སྦས་གནོན་གསུམ་འབངས་སུ་ཆུད། རྒྱལ་པོ་འདིའི་དུས་སུ་འཕྲུལ་བློན་མཛངས་མི་བདུན་གྱི་གསུམ་པ་སྟེ། ངོར་སྣང་བཙན་མོང་གིས་ཚོང་ལས་འགོ་ཚུགས་ཤིང་། འཇལ་བྲེ་དང་སྲང་ཕུལ་བ་གསར་དུ་གཏོད་པ་སོགས་ཚོང་ལས་ལ་ཡར་རྒྱས་ཧ་ཅང་ཆེན་པོར་བྱུང་བའི་དུས་རབས་ཤིག་ཡིན། ཕྱི་ལོ་ ༦༡༩ ལོ་རྒྱུས་རེའུ་མིག་) ལོར་སྐུ་གཤེགས་པ་དང་། བང་སོ་དོན་མཁར་མདའ་རུ་བརྩིགས། གྲལ་ནི་ཁྲི་བཟུང་བར་སོའི་གཡོན་ན་ཡོད། དེ་ཡང་ཕུལ་མེད་ས་ཕུང་བརྡལ་བ་འདྲ་ཞེས་སོ།། དཀོན་པ་བཀྲ་ཤིས། བོད་རྒྱལ་སོ་གཅིག་པ་སྟག་རི་གཉན་གཟིགས་ཀྱི་མཚན།

གནམ་རི་སྲོང་བཙན།

སྤུ་རྒྱལ་སོ་གཉིས་པ་གནམ་རི་སྲོང་བཙན་ནི། ཡབ་སྟག་རི་གཉན་གཟིགས་དང་། ཡུམ་སྟོང་བཙུན་འབྲོ་དཀར་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༥༩༢་(ལྕགས་བྱི་ ༦༠༡ དོན་ཆེན་རེའུ་མིག) (ས་སྟག་ ༥༥༨ དུང་དཀར) པའི་ཆུ་བྱི་ལོར་སྐུ་འཁྲུངས། ཆུང་ངུའི་དུས་སུ་ཁྲི་སློན་བཙན་ཞེས་མཚན་གསོལ། རྒྱལ་པོ་འདིའི་བློན་ཆེན་དབས་སྣང་བཞེར་དང་། ཚེ་སྤོང་ན་གནག་སེར། ཉང་ཙེང་གུ་རྣམས་ཀྱིས་བྱས། ཁྱུང་གྲགས་པས་སྐུ་བོན་མཛད། ཚེ་སྤོང་བཟའ་འབྲི་མ་ཐོད་དཀར་ཁབ་ཏུ་བཞེས། སྲས་སྲོང་བཙན་སྒམ་པོ་དང་། གུང་རི་གུང་བཙན་གཉིས་བལྟམས། རྒྱལ་པོ་འདིའི་རིང་ལ་རྒྱ་ནག་གི་ཡུལ་ནས་རྩིས་དང་སྨན་དཔྱད་བླངས། དེ་རྗེས་གཅུང་སློན་ཀོལ་དང་ཡུམ་སྟོང་བཙུན་འབྲོ་དཀར་གཉིས་ལ་རྒྱལ་སྲིད་བཅོལ་ནས། གནམ་རི་སྲོང་བཙན་རང་ཉིད་ཀྱིས་དམག་དཔོན་བྱས་ཏེ་དམག་ཁྲི་ཕྲག་ཙམ་ཁྲིད་ནས་གཡུལ་བཤམས་པས་མཁར་ཡུ་སྣ་གཏོར། དགུ་གྲི་ཟིང་པོ་རྗེ་བསད། མང་པོ་རྗེ་སུམ་བུ་ནི་གྲུ་གུའི་ཡུལ་དུ་བྲོས། ཕག་གི་ཡུང་བ་སྣ་མན་ཆད། ཀོང་པོ་བྲེ་སྣ་ཡན་ཆད་བཙན་པོའི་འབངས་འོག་ཏུ་བསྡུས། སྐབས་དེ་ནས་བཟུང་མྱང་ཙེང་སྐུ་དང་། དབའ་དབྱི་ཚབ། དབའ་མྱེས་སྣང་། འབའ་བུ་ཚབ། གནོན་མགྲོན་པོ། ཆེས་པོ་ནགས་སེང་དྲུག་རྒྱལ་པོ་བློན་པོར་བསྐོས་པར་གྲགས། རྒྱལ་པོ་འདིའི་རིང་ལ་ཁྱུང་པོ་སྤུང་སད་ཟུ་ཙེས་གཙང་བོད་ཀྱི་རྒྱལ་པོ་མར་མུན་མགོ་བཅད་དེ་གཙང་དུད་ཁྲི་གཉིས་ཙམ་བཙན་པོའི་ཕྱག་ཏུ་ཕུལ་བས་བཙན་པོ་ཐུགས་དགྱེས་ནས་ཁྱུང་པོ་སྤུང་སད་ཟུ་ཙེ་གཙང་སྡེ་དཔོན་ཏུ་བསྐོས། དྭགས་པོ་འབངས་སུ་མངའ་བ་ལས་དེའི་རྗེས་ངོ་ལོག་བྱས་པ་སླར་ཡང་མངའ་འོག་ཏུ་བཅུག་པ་དང་། ཡུལ་ངས་པོར་གྲགས་པའི་མིང་དེ། ཞེས་བོད་ཁམས་ཡོངས་ལ་གཅིག་གྱུར་གྱིས་མིང་གསར་དུ་བཏགས་པར་མཛད། སྐབས་དེར་རྒྱལ་པོའི་བཞུགས་གནས་ཀྱང་ཡར་ལུང་གཙང་པོའི་བྱང་ཕྱོགས་སུ་སྤོས་ཏེ་མལ་གྲོའི་ཕོ་བྲང་བྱམས་པ་མི་འགྱུར་རླིང་བཞེངས་པར་སྣང་། མཐར་རྒྱལ་པོ་འདི་ཉིད་(ཕྱི་ལོ་ ༦༢༩ དོན་ཆེན་རེའུ་མིག་ལས) པའི་ས་གླང་ལོར་རྒྱལ་བློན་མ་མཐུན་པ་ཕྲན་བུ་བྱུང་ནས་མོན་དུག་ཕུལ་ནས་བཀྲོངསཔར་གྲགས་ཤིང་།…

ཆོས་རྒྱལ་སྲོང་བཙན་སྒམ་པོ།

བོད་རྒྱལ་སོ་གསུམ་པ་སྟེ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནི། ཡབ་གནམ་རི་སྲོང་བཙན་དང་། ཡུམ་འབྲི་བཟའ་ཐོད་དཀར་གཉིས་ཀྱི་སྲས་སུ་དུས་རབས་བདུན་པ། མེ་གླང་ཕྱི་ལོ་ ༦༡༧ ལོའི་དཔྱིད་ཟླ་ ༣ པའི་ནང་དུ་མལ་གྲོ་རྒྱ་མ་ནང་གི་ཕོ་བྲང་བྱམས་པ་མི་འགྱུར་གླིང་དུ་སྐུ་བལྟམས་པ་ཡིན། ཡབ་ཀྱི་སྐབས་ཞང་ཞུང་དང་། སུམ་པ། ཉང་དྭགས་སོགས་ཆབ་འོག་ཏུ་བསྡུས་ཟིན་ན་ཡང་། རྒྱལ་བློན་བར་གྱི་འཐབ་རྩོད་འོག ཕྱི་ལོ་ ༦༢༩ པའི་ས་གླང་ལོར་ཡབ་གནམ་རི་སྲོང་བཙན་དུག་གིས་བཀྲོངས་ཤིང་། སྲོང་བཙན་དགུང་ལོ་བཅུ་གསུམ་ཐོག་རྒྱལ་སྲིད་ལ་འཁོད། སྔ་རྗེས་སུ་བཙུན་མོ་རུ་ཡོང་བཟའ་དང་། ཞང་ཞུང་བཟའ་ལི་ཐིག་སྨད། མོང་བཟའ་ཁྲི་ལྕམ་བཅས་བོད་མོ་གསུམ་ཁབ་ཏུ་བསུས། ཕྱི་ལོ་ ༦༣༢་པའི་ཆུ་འབྲུག་ལོར་བལ་བཟའ་ཁྲི་བཙུན་བོད་དུ་བཙུན་མོར་གསུས་ཤིང་འོ་སྐོལ་གྱི་སྟོན་པ་དགུང་ལོ་བརྒྱད་པ་ཇོ་བོ་མི་བསྐྱོད་རྡོ་རྗེ་སྤྱན་དྲངས། ཐོན་མི་སམ་བྷོ་ཊ་སོགས་བོད་ཀྱི་གཞོན་ནུ་ཁག་རྒྱ་གར་དུ་མངགས་ནས་བོད་ཡིག་གསར་གཏོད་མཛད་པ་ཡིན། དེ་རྗེས་ཕྱི་ལོ་༦༣༤ ལོར། ཐོག་མར་བཙུན་མོ་སློང་ཞིང་། ཕྱི་ལོ་ ༦༣༨ པའི་ས་ཁྱི་ལོ་ཙམ་ལ་དྲག་པོའི་དམག་དཔུང་དང་། ཞི་བའི་ཕོ་ཉ་མངགས་པ་བཅས་ཐབས་བཀོད་སྣ་ཚོགས་ཀྱིས་ཀོང་ཇོ་བཙུན་མོར་བསུས་ཤིང་། ཇོ་བོ་ཤཱཀྱ་མུ་ནེ་དགུང་ལོ་བཅུ་གཉིས་ཚད་ཙམ་དེ་བོད་དུ་སྤྱན་དྲངས། ཐོག་མར་སྲོང་བཙན་སྒམ་པོས་བོད་ཀྱི་རྒྱལ་ས་ལྷ་སའི་སྐྱིད་ཤོད་དུ་སྤོ་རྒྱུ་ཐུགས་ལ་དགོངས་པ་ནས་ཡུལ་དེར་སྤོས་ཤིང་རིམ་གྱིས་སྐུ་མཁར་མ་རུ་འམ་ཕ་བོང་ཁའི་ཕོ་བྲང་མཁར་དགུ་ཐོག་ཞིག་བརྩིགས། རྒྱལ་པོས་དགོངས་གཞི་ལྟར་ཐོན་མིས་བོད་ཡིག་གསར་གཏོད་མཛད་པ་དང་བརྡ་སྤྲོད་ཀྱི་བསྟན་བཅོས་བརྒྱད་ཙམ་མཛད། སྐབས་དེ་ཙམ་ན་ཆོས་རྒྱལ་ཉིད་ཀྱིས་ཉང་བྲན་ཕ་བོང་ཁ་ནས་མ་ཎི་བཀའ་འབུམ་དེ་ཉིད་མཛད་པར་གྲགས། ལྷ་སའི་རི་ལ་ཕོ་བྲང་པོ་ཏ་ལ་དང་། དབུས་སུ་ཇོ་ཁང་། ར་མོ་ཆེ། མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་སོགས་བཞེངས། གཞན་ཡང་རྒྱ་གར་ནས་སློབ་དཔོན་ཀུ་ས་ར་དང་བྲམ་ཟེ་ཤཾ་ཀ་ར། བལ་པོའི་སློབ་དཔོན་ཤྲཱི་ལ་མཉྫུ། རྒྱའི་སློབ་དཔོན་ཧ་ཤང་མ་ཧཱ་ཡཱ་ན་སོཊ་སྤྱན་དྲངས།…

གུང་རི་གུང་བཙན།

སྤུ་རྒྱལ་སོ་བཞི་པ་ཆོས་ལྡན་རྒྱལ་རབས་གཉིས་པ་གུང་རི་གུང་བཙན་ནི་ཡབ་རྒྱལ་པོ་གནམ་རི་སྲོང་བཙན་དང་། ཡུམ་འབྲི་བཟའ་ཐོད་དཀར་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༦༢༡ (ས་ཁྱི་ ༦༣༨ དོན་ཆེན་རེའུ་མིག) པ་ལྕགས་སྦྲུལ་ལོར་བྲག་ལྷ་བཀྲ་ཤིས་གཞལ་ཡས་ཁང་དུ་སྐུ་བལྟམས། ཆོས་རྒྱལ་སྲོང་བཙན་སྒོམ་པོས་རྒྱ་བཟའ་ཀོང་ཇོ་བཙུན་མོར་སློང་བར། རྒྱ་ནག་རྒྱལ་པོས་ཀོང་ཇོ་སྤྲོད་རྒྱུ་ཕར་འགྱངས་བྱས་པའི་དོན་རྐྱེན་ལ་བརྟེན་ནས། ཤིང་རྟ་ཕྱི་ལོ་༦༣༤ ལོར་གཅེན་སྲོང་བཙན་སྒམ་པོ་དམག་ལ་ཕེབས་པའི་ཚབ་ཏུ་གུང་རི་གུང་བཙན་གྱིས་རྒྱལ་སྲིད་བསྐྱངས་བ་དང་། སྐུ་གཤེན་ཞང་ཞུང་ཁྱུང་དཀར་གྱིས་མཛད། འ་ཞ་བཟའ་མོང་རྗེ་ཁྲི་དཀར་ཁབ་ཏུ་བཞེས། མྱང་མང་པོ་རྗེ་ཞང་སྣང་དང་། སྣུབས་བཙན་ཏོ་རེ་གཉིས་ཀྱིས་བློན་པོ་བྱས། སྲས་མང་སྲོང་མང་བཙན་སྐུ་བལྟམས་པའི་ས་ཁྱི་ལོ་སྟེ་ཕྱི་ལོ་ ༦༣༨ ལོར་དགུང་ལོ་བཅོ་བརྒྱད་ལ་ཕེབས་པ་དང་ནང་གི་འགལ་རྐྱེན་གྱི་དབང་གིས་སྐུ་གཤེགས། བང་སོ་དོན་མཁར་མདའ་རུ་གནམ་རི་སྲོང་བཙན་གྱི་གཡོན་དུ་བརྩིགས་སོ།།

མང་སྲོང་མང་བཙན།

སྤུ་རྒྱལ་སོ་ལྔ་པ་ཆོས་ལྡན་རྒྱལ་རབས་གསུམ་པ་རྒྱལ་པོ་མང་སྲོང་མང་བཙན་ནི། ཡབ་རྒྱལ་པོ་གུང་རི་གུང་བཙན་དང་། ཡུམ་འ་ཞ་བཟའ་མོང་རྗེ་ཁྲི་དཀར་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༦༣༨ པ་ས་ཁྱི་ལོར་སྐུ་བལྟམས། ཕྱི་ལོ་ ༦༥༠ པའི་ལྕགས་ཁྱི་ལོར་ཆོས་རྒྱལ་སྲོང་བཙན་སྒམ་པོ་སྐུ་གཤེགས་པའི་རྗེས་དགུང་ལོ་བཅུ་གསུམ་ལོན་པ་དང་རྒྱལ་སྲིད་ལ་འཁོད། སྐུ་གཤེན་ཁྱུང་པོ་སྟག་སྒྲས་མཛད། འབྲོ་བཟའ་ཁྲི་ལོད་ཁབ་ཏུ་བཞེས་ནས། སྲས་འདུས་སྲོང་མང་རྗེ་འཁྲུངས། མགར་སྟོང་བཙན་ཡུལ་སྲུང་དང་། མཆིམས་མང་གཉེར་གྱིས་བློན་པོ་མཛད། ཕྱི་ལོ་ ༦༥༩ པ་ས་ལུག་ལོར་བཙན་པོ་མང་སྲོང་མང་བཙན་སྦྲགས་ཀྱི་ཤར་ན་བཞུགས་ཤིང་། བློན་ཆེན་མགར་སྟོང་བཙན་གྱིས་བོད་དམག་ཆིག་སྟོང་ཙམ་ཁྲིད་ནས་འ་ཞའི་ཡུལ་དུ་སླེབས། དེང་སང་ཨ་མདོ་རྡོ་སྦིས་ཀྱི་སྟོང་རུ་མཚོ་ནག་ཏུ་གྲགས་པའི་ཡུལ་དེར་དམག་འཁྲུག་བྱས་པས། བོད་དམག་ཆིག་སྟོང་གིས་ཐང་དམག་བརྒྱད་ཁྲི་ཕམ་དུ་བཅུག་སྟེ་རྒྱལ་ཁ་ཐོབ། ཕྱི་ལོ་༦༦༢ པ་ཆུ་ཁྱི་་ལོར་བློན་པོ་མགར་སྟོང་བཙན་གྱིས་གྲུ་གུའི་ཡུལ་དུ་དམག་དྲངས། ཕྱི་ལོ་ ༦༦༧ པའི་མེ་ཡོས་ལོར་བཙན་པོ་འོར་མང་དུ་གཤེགས་ཏེ། བློན་པོ་མགར་སྟོང་བཙན་འབྲས་ནད་ཀྱིས་འདས། ཕྱི་ལོ་ ༦༧༦་པ་མེ་བྱི་ལོར་མང་སོང་མང་བཙན་སྐུ་གཤེགས། བང་སོ་གུང་རི་གུང་བཙན་གྱི་གཡོན་དུ་བརྩིགས་སོ།།

འདུས་སྲོང་མིང་རྗེ།

སྤུ་རྒྱལ་སོ་དྲུག་པ་ཆོས་ལྡན་རྒྱལ་རབས་བཞི་པ་འདུས་སྲོང་མང་རྗེའམ་རླུང་ནམ་འཕྲུལ་གྱི་རྒྱལ་པོ་ནི་ཡབ་མང་སྲོང་མང་བཙན་དང་། ཡུམ་འབྲོ་བཟའ་ཁྲི་ལོད་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༦༧༦ པ་མེ་བྱི་ལོར་འཁྲུངས། ལོ་ངོ་བཞི་ལ་ཐོན་པའི་ས་ཡོས་ཏེ་ཕྱི་ལོ་༦༧༩ པའི་ལོར་རྒྱལ་པོའི་ཁྲི་ལ་འཁོད། རྒྱལ་པོའི་སྐུ་གཤེན་སྤེ་ནེ་གུ་ཡིས་མཛད། མགར་བཙན་སྙ་ལྡོམ་བུ་དང་། དབས་ཏ་ར་ཁོང་ལོད་གཉིས་ཀྱིས་བློན་པོ་མཛད། (དགུང་ལོ་ཆུང་དུས་ཆབ་སྲིད་ཀྱི་ལས་དོན་ཕལ་ཆེ་བ་བློན་པོ་མགར་སྟོང་བཙན་གྱི་བུ་མགར་ཁྲི་འབྲིང་གིས་དབང་ཆ་བཟུང་བ་དང་། མགར་གྱི་བུ་གཞན་པ་ཁག་ཅིག་གིས་དམག་དཔོན་མཛད་པ་སོགས་ལོ་མང་པོ་ཞིག་གི་རིང་ལ་མགར་གྱི་རིགས་རྒྱུད་རྣམས་ཀྱིས་སྲིད་ཞུ་བསྒྲུབས་པར་གྲགས། དོན་རྐྱེན་ཕྲན་བུ་ལ་བརྟེན་ནས་ཁྲི་འབྲིང་གིས་རང་སྲོག་བཅད། དེ་ནས་ཆབ་སྲིད་ཀྱི་འགན་དབང་གཙོ་བོ་མ་ཡུམ་ཁྲི་མ་ལོད་ཀྱིས་བསྐྱངས་བར་གྲགས་སོ།།