Central Welfare of Nangchen Nyernga – ནང་ཆེན་ཉེར་ལྔའི་དྲ་བ།

༈ ཞུ་མཆེད་ཨུཏྤལ་ཕྲེང་བ། ནང་ཆེན་རྒྱལ་སྲས་ཕྲིན་ལས་ཀུན་ཁྱབ།

ཟག་བྲལ་བདེ་ཆེན་མཆོག་གི་མཁའ་དབྱིངས་སུ། །གསང་གསུམ་སྒྱུ་འཕྲུལ་རྒྱན་གྱི་བཀོད་པ་ནི། །
འཆི་མེད་ཡིད་བཞིན་འཁོར་ལོའི་འཇོ་སྒེག་ཅན། །འཕགས་མཆོག་མྱུར་མ་དཔལ་མོས་ཤེས་པ་སྩོལ། །
ཆོས་རབ་རྣམ་འབྱེད་མཁྱེན་པའི་མེ་ལོངས་ངོགས། །སྡེ་སྣོད་རྒྱ་མཚོའི་གཟུགས་བརྙན་འཆང་བཟོད་པའི། །
གྲུབ་རིགས་ཁྱུ་མཆོག་ཚེ་རབས་གཏན་གྱི་སྐྱབས། །གང་ཞབས་པདྨོ་བཞད་པའི་ཉེ་དྲུང་དེར། །
སྔོན་ནས་མ་བཏང་ལས་ཀྱི་བྱེད་པོ་ཡིས། །མཛའ་བ་མི་ཕྱེད་དམ་ཚིག་རྡོ་རྗེའི་རྒྱས། །
གཅིག་ཏུ་བཅིངས་པའི་ངང་ཚུལ་རྗེས་དྲན་ནས། །ཞུ་མཆེད་ཨུཏྤལ་ཕྲེང་བ་ཅི་ཡང་འཐོར། །
རླབས་ཆེན་ཚོགས་གཉིས་རྒྱ་མཚོས་ཉེར་བསྐྲུན་པའི། །གསང་གསུམ་མི་ཟད་རྒྱན་འཁོར་རྣམ་ལྔའི་བདག། །
རབ་དཀར་ཆུ་ཤེལ་དབང་པོའི་དཀྱིལ་འཁོར་མཆོག །ཉེར་འཚེའི་སྒྲིབ་བྲལ་སྤངས་རྟོགས་ཆ་ཤས་རྫོགས། །
ལེགས་མཛད་འོད་དཀར་རྣམ་པར་སྤྲོ་བཞིན་དུ། །འཕགས་ཡུལ་བརྒྱུད་པའི་ཆུ་གཏེར་སྤེལ་ཟིན་ནས། །
གངས་ལྗོངས་དཔལ་ལྡན་ཀུན་དཱའི་སྐྱེད་ཚལ་དུ། །མངོན་པར་འཆར་བའི་རྣམ་ཐར་ཐོས་དང་ལྷན། །
གསུང་གསང་དྲི་ཟའི་བུ་མོའི་ཏམ་བུ་ར། །དོན་བཟང་སྙན་འཇེབས་སྟོང་གི་དབྱར་སྐྱེས་སྒྲ། །
བདག་ཡིད་མདོངས་ཐ་རྣ་བའི་བུ་ག་རུ། །སོན་པ་ཙམ་གྱིས་དགའ་བའི་མངལ་གྱིས་ལྕེ། །
གཅམ་བུ་མ་ཡིས་སྙིང་ནས་དྲན་པའི་གཏམ། །ཟོལ་སྟོད་མ་ཡིན་རེ་སྨོན་རྒྱ་མཚོའི་གནས། །
ལས་འཕྲོ་མ་ཡིན་ཐུགས་བསྐྱེད་གོ་ཆ་བཙན། །སྟབས་ལེགས་མ་ཡིན་དམ་ཚིག་མཐུ་ཆེན་གྲུབ། །
ངོ་མཚར་པདྨོའི་སྣང་བ་དམ་པ་ནི། །ཕྲིན་ལས་འགོག་ཏུ་མེད་པས་ས་སྟེང་འདིར། །
སྒྱུ་འཕྲུལ་སྤྲུལ་པའི་དེ་ཉིད་མངོན་གྱུར་པར། །ཡི་རང་མེ་ཏོག་སིལ་མ་ཡང་ཡང་འཐོར། །
བདག་ནི་འབྱུང་ལུས་སྒྱུ་མའི་མེ་ཏོག་ལ། །འཆི་བདག་བ་མོས་སད་ཀྱིས་གཙེས་བྲལ་ཡང་། །
ལེགས་བྱས་དཔལ་གྱིས་ཁུགས་པའི་རྟེན་བཟང་པོ། །ན་ཆུང་གཏན་གྱི་གྲོགས་མོས་དམ་བཞག་ནས། །
མི་ཟད་འཁོར་བ་ཕ་མཐའ་མི་མངོན་པའི། །གཏིང་རིང་རྒྱ་མཚོར་ལྷུང་བ་སྙིང་རྗེའི་ཡུལ། །
ཀུན་གྱིས་སྨད་ཅིང་ཀུན་གྱིས་སྤངས་པའི་ཡུལ། །ཉམ་ང་སྲིད་པའི་བརྩོན་ར་རྔམས་པོ་ཆེར། །
གཏན་དུ་འཁྱར་པ་སྒྱུ་མའི་རྨི་ལམ་ཞིག །ཨེ་ཡིན་སྙམ་པའང་བློ་ལ་འཆར་གྱིན་འདུག །
འོན་ཀྱང་མཆོག་གཟིགས་འབྲུག་པ་ཡོངས་འཛིན་དང་། །འདྲེན་པ་མཚུངས་མེད་དོན་བརྒྱུད་ཉི་མའི་ཞབས། །
ངོར་མཁན་ངག་དབང་ཡོན་ཏན་རྒྱ་མཚོའི་སྡེ། །འཇིགས་བྲལ་གྲུབ་དབང་བླ་མ་རིག་འཛིན་སོགས། །
དྲིན་ལྡན་ཕ་དང་བཅས་པའི་ཞལ་བཞེས་སུ།་།དགེ་བསྙེན་རྟེན་སྒྲུབས་གསུངས་ཀྱང་དུས་དབང་དང་། །
སྟབས་ལེགས་སྟེས་དབང་བླ་མའི་མིང་ཐོགས་ཏེ། །ཁྱི་རྒན་སེང་གེའི་གསོབ་ཀྱི་རྫུན་བག་ལ། །
ཞུགས་ནས་ཆོས་ཀྱི་འཁྱེར་ཀ་མང་ཙམ་བགྱིས། །གཅིག་ན་དེང་སང་བསྟན་པའི་མིག་ལྟོས་དང་། །
གཉིས་ནས་འཁོར་བའི་མཚན་ཉིད་བློ་སུན་ཅིང་། །གསུམ་ནས་སྔགས་ཀྱི་ལྟ་སྤྱོད་མི་ལྡན་ལ། །
བཞི་ནས་འཁོར་འདས་མཉམ་ཉིད་མ་རྟོགས་ཤིང་། །ལྔ་ནས་ཆོས་བརྒྱད་ངོ་སྲུང་ངོ་ཚའི་གཞི། །
གང་ལྟར་དགོས་མེད་བཏང་སྙོམས་གནས་སུ་བསྐྱུར། །འཇམ་མགོན་བླ་མའི་ཞལ་ཚབ་རྡོ་རྗེ་འཆང་། །
དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་རིན་པོ་ཆེར། །སོ་ཐར་རྟེན་སྒྲུབ་བརྒྱུད་པ་གང་ནས་བསྒྲུབ། །
བསྟན་པའི་ཞབས་ཏོག་རེ་ཙམ་འོང་སྲིད་དམ། །ཞུས་པས་སོར་སྡོམ་བསྒྲུབ་རྒྱུ་བཀའ་མ་ཁྲོལ། །
ཡང་དུ་སྔགས་ཀྱི་ལམ་ཞུགས་དབུགས་དབྱུང་བསྩལ། །ན་ཉིན་བགྲང་བྱ་ཞེ་དགུ་མེ་ཡོས་ལོར། །
ཕྱི་ནང་རྟེན་འབྱུང་སྒྱུ་མའི་དོ་ར་རུ། །ཡིད་བརྟན་མེད་པའི་ཀུན་རྟོག་ཡ་མ་བརླ། །
ཅི་ཡང་འཆར་བའི་ཟློས་གར་ཡང་ཡང་བསྒྱུར། །མིང་དང་རུས་སོགས་འཇིག་རྟེན་མཐུན་འཇུག་ལ། །
བློ་ཙམ་མ་བྲིད་རང་གི་སེམས་མཐུན་པའི། །གསང་གྲོགས་བསྟེན་པ་ཟབ་ལམ་གསང་ཁྲིད་ཀྱི། །
བརྟག་དང་འགུག་པའི་ཆོ་ག་ཚང་བར་བྱས།་།གསང་སྤྱོད་མངོན་དུ་གྱུར་པའི་རྟོགས་པ་དང་། །
ལྡན་པ་མིན་ཡང་མོས་པ་ལམ་བྱེད་ཙམ། །འདུ་ཤེས་གསུམ་གྱི་དམིགས་པ་མ་ཉམས་ཤིང་། །
བདེ་སྐྱོང་མཁའ་འགྲོ་བྱེ་བ་འབུམ་སྡེའི་ཚོགས། །རང་གནས་རིག་འཛིན་དཀྱིལ་འཁོར་ལྷ་ཚོགས་ལ། །
དགའ་བྲལ་བདེ་ཆེན་མཆོད་པའི་སྤྲིན་རེ་སྟབས། །ཀུན་དྷ་བྱང་ཆུབ་སེམས་ཀྱི་དྭངས་མ་ནི། །
གནས་སུ་དབྱུངས་བ་མེད་པའི་ངང་ཚུལ་གྱི། །ཐབས་མཆོག་བདེ་ཆེན་རྡོ་རྗེའི་སྒྱུ་ཐབས་ཀྱིས། །
བསྣུན་པས་བདེ་བ་ལྷག་པར་མཆར་བཟོད་པ། །ཤེས་རབ་རྩ་ཡི་ཁྱད་པར་ཉིད་དུ་ངེས། །
ལས་ཀྱི་བྱེད་པོས་མངལ་གྱི་བུམ་པ་རུ། །རིགས་ཀྱི་མྱུ་གུ་པདྨའི་རྟགས་ཀྱི་འཁྱུད། །
སྟོང་པའི་རེ་བ་ཀུན་གསལ་ཡངས་པའི་ངོགས། །མཚར་སྡུག་མེ་ཏོག་བཀྲ་བའི་ཚུལ་དུ་ཟད། །
དེང་སང་དཔྱིད་ཀྱི་དཔལ་ཡོན་བཞད་ཟིན་ནས། །ས་འདིར་ལྗོན་ཤིང་མེ་ཏོག་སྐྱིད་མོས་ཚལ། །
རྣམ་པར་བཀྲ་ཞིང་བསིལ་དྲོད་སྙོམས་པ་ཡི། །ལོངས་སྤྱོད་རྫས་དང་མི་རིགས་སྣ་ཚོགས་པ། །
འདུ་ལོང་འདོད་ཡོན་རྩེ་དགའི་དུས་སྟོན་ལ། །རེས་གཟའ་ཉི་མའི་བཀའ་དྲིན་དེར་བརྟེན་ནས། །
སྐབས་རེར་རྒྱུ་བའི་ལྟད་མོ་སྣ་ཚོགས་ཀྱང་། །མ་བརྟགས་རང་སོར་གནས་ལ་ཉམས་དགའ་ལས། །
བརྟགས་པས་བདེན་མེད་སྒྱུ་མའི་ཆོ་འཕྲུལ་སྟོང་། །རང་སེམས་སྐྱོང་བས་བསྐུལ་བའི་རྐྱེན་དུ་བྱེད། །
རྣམ་གཡེང་ཟད་དུ་མེད་པའི་རྦ་རླབས་ཀྱིས། །སྒོ་གསུམ་ལས་སུ་མ་རུང་ཀོ་བའི་གྲུ། །
གཞན་དབང་རླུང་གིས་འཁྱར་འཁྱོར་བསྐྱོད་བཞིན་པར། །དོན་མེད་མི་ཚེ་སྟོང་ཟད་ཁོ་ནར་གནས། །
ཕུན་ཚོགས་སྲིད་འབྱོར་སྒྱུ་མའི་འདོད་ཡོན་ལ། །གཅིག་ཏུ་ཞེན་ནས་གནས་འདིར་ལྷག་མིན་ཀྱང་། །
རེ་ཞིག་དུས་ཀྱི་གཞན་དབང་བཙན་པོ་ཡིས། །ལོ་ཕྱེད་ཙམ་ཞིག་མི་སྡོད་ཐབས་མ་བྱུང། །
དཔག་ཚད་ཁྲི་ཕྲག་བརྒལ་བའི་ཕ་རོལ་དུ། །གནས་ཀྱང་རི་གླིང་འབབ་ཆུའི་རྣམ་འགྱུར་དང་། །
བརྩེ་གདུང་འདུ་འབྲལ་མེད་པའི་གཉེན་ཉེ་སོགས། །ཡིད་ལ་མེ་ལོང་གཟུགས་བརྙན་ལྟ་བུ་གསལ། །
སྣྲོན་ཟླའི་ཕན་དུ་འདའ་བ་མེད་པ་ཡི། །རང་ཡུལ་དགའ་སྐྱིད་ཁྱིམ་གྱི་ཆུ་མཚོ་རུ། །
ཀུན་ཏུ་རྒྱུ་བའི་ངང་མོ་ཁྱོ་ཤུགས་ཟུང་། །འཕུར་བའི་གོ་སྐབས་ནམ་ཞིག་འབྱུང་ཨང་དྲན། །
མཚན་ཞལ་ཉིན་བྱེད་འཛུམ་པའི་དཀྱིལ་འཁོར་ནི། །གནས་དུས་བསྐལ་པས་ཡུན་རིང་མ་མཇལ་ཀྱང་། །
སེམས་ཀྱི་ཉེར་ལེན་དད་པའི་ཀ་མ་ལ། །ཁྱེད་ལ་གཅིག་ཏུ་ཕྱོགས་པའི་མགོ་ལྕོག་ལྡེམ། །
སྒྲིམ་བྲལ་ཡེ་ཤེས་གཟིགས་པ་ཆོས་སྐུའི་མཚོར། །བདག་བློ་རིག་ཤེས་གྱ་གྱུའི་གཡོ་བ་ཅན། །
མི་ཕྱེད་དགོངས་ཀློང་འདྲེས་པའི་མཐུ་བརྟས་པས། །ཕན་ཚུན་མཛའ་བ་བྱང་ཆུབ་བར་དུ་སྐྱོངས། །
སླད་མའི་ཆར་ཡང་སྐུ་ཚེ་འོ་མའི་མཚོར། །ཚེ་མཐའ་ཡས་པའི་ག་པུར་གྱིས་སྦྲན་པས། །
ལུང་རྟོགས་རླབས་ཕྲེང་དལ་གྱིས་གཡོ་བ་ཡིས། །ལུས་ཅན་སྐྱེ་རྒུའི་གངུང་བ་སེལ་བྱེད་ཤོག །
བསྟན་འཛིན་ཀླུ་དབང་དུ་མའི་ཚོགས་དབུས་ན། །གྲུབ་རིགས་ཁྱུ་མཆོག་སྤྲིན་སྒྲའི་ཐིག་ལེ་གཅིག །
ངོ་མཚར་བརྒྱུད་པའི་སྲོག་འཛིན་ཉིད་གྱུར་པས། །མཛད་ཕྲིན་ཕ་མཐར་བརྡལ་བའི་སྨོན་ལམ་ཞུ། །
རིང་མིན་དགྱེས་མཇལ་སོམ་ཉི་བྲལ་ན་ཡང་། །དེ་བར་གང་ཅིའི་བཀའ་སློབ་མེ་ཏོག་ཕོན། །
རྣམ་ཀུན་མི་འགྱུར་སྤྱི་གཙུག་དད་པའི་མཚོར། །ཡང་ཡང་འབེབ་པའི་དགའ་སྟོན་ཅི་ཡང་བཅོལ། །
ནོར་འཛིན་ཤར་གྱི་སྐྱིད་ཚལ་པེ་ཅིན་ཞེས། །ཕུན་ཚོགས་མི་རིགས་འདུ་བའི་ལྗོངས་ཆེན་ནས། །
རབ་གུས་དད་པས་ཕུལ་བའི་ཞུ་ཡིག་ལགས། །ཞེས་སོ།། །།

Leave a Reply

Your email address will not be published. Required fields are marked *