དེའི་སྲས་ཆོས་ཀྱི་རྒྱལ་མཚན་ནི་རབ་བྱུང་བཞི་པའི་སྨད་ཙམ་ལ་གོང་སྨོས་འབྲུ་རྗེའི་གདུང་རབས་ཞེ་བདུན་པ་ཏྲེ་བོ་ཨ་ཀླུའི་སྲས་བདུན་གྱི་བཞི་པར་འཁྲུངས། བྱང་ཆུབ་མགོན་པོའི་དྲུང་ནས་རབ་ཏུ་བྱུང་ཞིང་འདུལ་བ་འཛིན་པའི་ཁྱུ་མཆོག་ཆེན་པོར་གྱུར། གཙང་ས་སྐྱར་བྱོན་ཏེ། བླ་ཆེན་འཕགས་པ་མཇལ། གསེར་ཆོས་སོགས་སྨིན་གྲོལ་གྱི་བཅུད་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་དགྱེས་བཞིན་གནང་། ཁྱད་པར་དུ་ཚོགས་བདག་དམར་ཆེན་གྱི་སྒྲུབ་ཐབས་མན་ངག་བཀའ་རྒྱ་ཅན་གནང་། འདི་ཡི་དུས་ཧོར་གྱི་རྒྱལ་པོ་ཐོ་གན་ཐི་མུར་གྱིས་ཧོར་དང་རྒྱ་ནག་གཉིས་ཀའི་རྒྱལ་པོ་མཛད་སྐབས་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་ནང་ཆེན་ནང་གི་གདན་ས་ལ་བཞུགས་པའི་བཀའ་ཤོག་ཕབ་པའི་སྟེང་གནོན་དུ། འགྲོ་མགོན་ཆོས་རྒྱལ་འཕགས་པས་ཀྱང་། བྱང་ཆུབ་སེམས་དཔའི་གདུང་འཛིན། འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ནང་ཆེན་ཆོས་ཀྱི་རྒྱལ་པོ་ཞེས་པའི་འཇའ་ས་བསྒྲགས། བ་སོའི་ལས་ཐམ་འབྲུ་དོན་སྤྱི་བོ་ནས་དབང་བསྐུར་བ་ཆེན་པོ་ཞེས་དང་། རྟགས་ཐམ་ཧཱུཾ་ཐམ་གྲུ་བཞི་པ་རྒྱུ་མ་ན་ཧོ་ལས་གྲུབ་པ་བཅས་ཀྱིས་གཟེངས་བསྟོད་བསྩལ། <<དེ་ཡང་འབའ་རོམ་ནང་སོ་རི་ཁག་བཅོ་བརྒྱད་འབྱུང་ཁུངས་སྟག་གི་གཟུགས་འཛིན་དབང་པོའི་ལྕགས་ཀྱུ་ལས། ས་སྐྱའི་ནང་ཆེན་ནང་གི་ཁྲི་ལ་བཞུགས་དགོས་གསུངས་པའི་བཀའ་ཤོག་ཇ་འདྲེན་དང་ཁྱེད་རས་ཚང་སྒོམ་སྡེ་དང་རབས་ཁ་བ་གཉིས་ལ་གཏོགས་པའི་ལྷ་ཁང་དགོན་པ་བུ་སློབ་ཡོན་བདག་འཁོར་ཁ་སྡེ་རིས་རྣམས་ཀྱི་ངེས་རྒྱུར། སྤྱན་སྔ་ཆོས་ཀྱི་རྒྱལ་མཚན་གོང་གི་འཇའ་ས་དང་བཀའ་ཤོག་རིམ་པའི་ལུང་བཞིན་དུ། ནང་ཆེན་ནང་གི་ཁྲི་ལ་བཞུགས་རྒྱུ་ཡིན་པས། འདི་པས་དབང་བའི་ལྷ་ཁང་དང་དགོན་པ་འཚེར་མ་འབབ། ཅེས་པ་ལ་སོགས་པའི་བཀའ་ཤོག་བྱུང་སྟེ།>> ལྕགས་ཕོ་བྱི་བའི་ལོར་ཆོས་ཀྱི་རྒྱལ་མཚན་ནང་ཆེན་ནང་གི་ཁྲི་ལ་འཁོད། རྡོ་ཏི་གངས་དཀར་སོགས་གནས་དྲུག་ཁྲི་སྐོར་དུ་གྲགས་པའི་མདོ་ཁམས་སྟོད་མ་ཁྲིམས་སུ་བཅུག ཏྲེ་རབས་ཁ་ཡན་གྱི་ཁྲལ་འུ་ལག་ཐམས་ཅད་སྐུ་འབུམ་དུ་བསྡུས་ཞེས་གསལ་བས། སྔོན་ནས་འབྲུ་སྤྱི་ཕུད་འཁོར་ལོ་བཟང་པོ་ལ་གོང་མ་ཚངས་པ་ཆེན་པོས་ཆེན་པོར་འོས་པའི་ལས་ཚན་བཅུ་གསུམ་གྱི་གོ་ཐོབ་བསྩལ་པའི་འབྲུ་གདུང་དྲི་མ་མེད་པ་ཡིན་པའི་ཤེས་བྱེད་དང་བསྐྱར་གསོའི་ཚུལ་དུ་འབྲུ་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་ལ་ཡང་། ཆོས་རྒྱལ་འཕགས་པ་རིན་པོ་ཆེས། ཆེན་པོར་འོས་པའི་ལས་ཚན་བཅུ་གསུམ་ཞེས་པའི་ལས་ཐོབ་བསྩལ་པས་སྒོམ་སྡེ་ནང་ཆེན་པ་ཞེས་པའི་མཚན་གྱི་དངོས་གཞི་འདི་ནས་བྱུང་བ་ཡིན། དེ་ནས་བཟུང་སྟེ་རས་ཚང་སྒོམ་སྡེ་དང་། ཏྲེ་རབས་ཁ་བ་གཉིས་ཀྱི་སྡེ་སྲིད་ཀྱི་རྩོད་གཞི་ཡང་དཀར་འཇམ་ཡུག་གཅིག་ཏུ་གྱུར་ནས་ཞི་འཇམ་དུ་སོང་ཡོད་པར་མངོན།
གཞན་ཡང་སྡེ་གཞུང་རིན་པོ་ཆེའི་གསུང་འབུམ་ནང་དུ་གསལ་བ་ལྟར་ན། << ནང་ཆེན་རྒྱལ་པོ་ནི་བོད་ཆོས་རྒྱལ་གྱི་གདུང་རྒྱུད་འཁྲུལ་མེད་ཡིན་པ། ཨོ་རྒྱན་ཆེན་པོའི་གཏེར་ཁ་དུ་མ་ནས་ལུང་གིས་ཟིན་པ་ལྟར་དམ་པ་མང་པོའི་ཞལ་བཞེས་དང་། ཏི་ཤྲཱི་རས་པ་དཀར་པོ་ནས་ད་བར་བརྒྱུད་པ་མ་ཆད་པར་བྱུང་བ་དེ་ནི། ས་སྐྱའི་བླ་ཆེན་འཕགས་པས། ལུང་དང་ལག་རྟགས་གནང་། སྲུང་མར་དཔལ་ཆེན་ཚོགས་ཀྱི་བདག་པོ་གནང་བའི་རྟེན་འབྲེལ་གྱིས། ནང་ཆེན་ཆིང་ཧུ་ཞེས་སྟོབས་འབྱོར་རིགས་བརྒྱུད་མཉམ་པར་གྲགས། རྒྱལ་པོ་ཞིག་ཐུགས་ཅུང་ཟད་གླེན་པའི་ཚུལ་དུ་ཡོད་པས། ངའི་ཕོ་བྲང་དེ་ཕྱི་ཆུང་ངུ་ལ། ནང་ཆེན་པོ་ཡོད་པ་ཞིག་བརྩིགས་དགོས་གསུངས་པ་ལ་མི་ཀུན་མཚར་སྣང་སྐྱེས་ནས། མཚན་ལ་ནང་ཆེན་ཚང་དུ་ཐོགས། བཀའ་བརྒྱུད་པའི་གྲུབ་ཐོབ་འབའ་རོམ་པ་དར་མ་དབང་ཕྱུག་གི་སློབ་བརྒྱུད་མང་པོ་ནང་ཆེན་ཕྱོགས་སུ་ཕེབས། སྒོམ་ཁྲིད་བཏབ་པས་སྐྱེས་ཕོ་མོ་ཕལ་ཆེ་བར་སྒོམ་ཉམས་རྒྱུད་ལ་སྐྱེས་པ་ཤ་སྟག་བྱུང་ནས། སྒོམ་སྡེ་ནང་ཆེན་དུ་ཐོགས་སྐད། >> ཞེས་གསུངས་འདུག<<དེ་ནས་བཟུང་ཡར་གྱི་རྗེ་བོ་ལ་ནང་ཆེན་རྒྱལ་པོ་དང་འབངས་གྱི་ཡུལ་སྡེ་ལ་ནང་ཆེན་རྒྱལ་ཁམས་ཞེས་ཡོངས་སུ་གྲགས་པའི་མིང་དེ་རྒྱུན་འཇགས་སུ་གནས།>> ཆོས་སྲིད་ཀྱི་བསླབ་བྱ་ཞིབ་རྒྱས་བསྩལ་ཞིང་། ཏྲེ་རབས་ཁ་ཡན་ཁྲལ་འུ་ལག་སྐུ་འབུམ་དུ་བསྡུས། བོད་ཆོས་རྒྱལ་གོང་མའི་སྲོལ་བཟང་དགེ་བ་བཅུའི་གཞི་བཟུང་བའི་དཀར་ནག་ཤན་འབྱེད་པའི་ཕྲ་ཞིབ་མཛངས་པའི་བློས་ཁྲིམས་ཀྱི་འཇམ་དར་ཡུག་གཅིག་ཏུ་བརྐྱང་བའི་འཛུམ་ཟེར་སྤྲོ་ཞིང་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་གྱི་སྐབས་ཆོས་སྲིད་གཉིས་ཕྱོགས་སུ་མ་ལྷུངས་པའི་སྒོ་ནས་ཕྲིན་ལས་མངོན་པར་བཀྲ་བར་མཛད་དོ། །