འགྲོ་མགོན་ཏི་ཤྲི་རས་པའི་སྐུ་འབུམ། 
༡༢༣༦ལོར་འགྲོ་མགོན་ཏི་ཤྲི་རས་པ་༼ཤེས་རབ་སེང་གེ་༽སྐུ་གཤེགས་ནས་སྒོམ་སྡེ་བས་སྐྱོ་ལྟག་མཐིལ་དུ་སྐུ་འབུམ་བཞེངས་པས་ཕྱིས་སུ་གནས་དེར་སྐུ་འབུམ་དུ་གྲགས།
སྤྱི་ཕུད་འཁོར་ལོ་བཟང་པོ་ནས་བརྩིས་པའི་འབྲུ་རྗེའི་གདུང་རབས་ཞེ་གསུམ་པ་འབྲུ་ཁྲི་དར་སེང་གེའི་སྲས་སུ་ཡུལ་ཏྲེ་བོ་རབ་ཁར་སྐུ་འཁྲུངས། སྐུ་ཚེའི་སྟོད་དུ་ཕ་གཞིས་བཟུང་སྟེ་བཙུན་མོ་ཆེན་མ་མཛོ་རོག་བཟའ་བསུས་པ་ལ་བུ་རྡོ་རྗེ་འཕགས་དང་རྡོ་རྗེ་བརྟན་གཉིས་བྱུང་། དེ་ནས་སྤྱི་ལོ་དུས་རབས་བཅུ་གཉིས་པའི་མཇུག་དང་བཅུ་གསུམ་པའི་མགོ་ཙམ་ལ་ཁོང་གི་གདུང་རྒྱུད་ཀྱི་སྲས་གཉིས་ཏྲེ་ཤོད་ལུང་པར་བཞག་སྟེ། རང་ཉིད་མདོ་ཁམས་སྟོད་ཕྱོགས་སུ་གནས་སྤོས། ཆུང་མ་འབེ་བཟའ་དཀར་མོ་ཁབ་ཏུ་བཞེས་པ་ལ་སྐུ་མཆེད་བདུན་འཁྲུངས་པ་སྐྱ་དཔོན་ལེགས། བྱ་ཡུལ་བ། ཨ་ཡུལ་བ། ཏྲེ་བོ་ཆོས་ཀྱི་རྒྱལ་མཚན། ཚོང་དཔོན་ཁ་ཐར། བཀྲ་ཤིས་དཔལ། བྱང་རྒྱལ་བ་བཅས་བདུན་བྱུང་བ་ཡང་། ནང་ཆེན་རྒྱལ་རབས་འབེལ་གཏམ་ལས། དཔའ་འབྲུ་གདུང་དགྲ་ལྷའི་བུ་བདུན་ལ། །ལེགས་བཤད་སེང་གེའི་ང་རོ་ཡོད། ཅེས་གསུངས་པས་གོང་གི་སྲས་བདུན་ཡིན་པར་སྣང་། ཐོག་མའི་གཞིས་སྒར་ཆགས་སའི་གནས་གཞི་ནི། རབ་བྱུང་བཞི་པའི་དུས་རབས་བཅུ་གསུམ་པའི་ལོ་རབས་ཉི་ཤུ་པའི་ནང་ཙམ་ནས་འབྲུ་རྗེ་ལྷ་ཡི་གདུང་རྒྱུད་འབྲུ་ཁྲི་དར་སེང་གེ་ཚང་གིས་དེང་སང་ཟུར་མང་གི་ས་ཆ་ཏྲེ་བོ་མདའ་ལ་སྒར་གཞིས་བཟུང་ནས་བཞུགས་པ་དང་། དུས་རབས་དེ་ཡི་ལོ་རབས་སུམ་ཅུ་པའི་ནང་དུ་འགྲོ་མགོན་ཏི་ཤྲཱི་རས་པ་མེ་ཉག་ཕྱོགས་ལ་ཕེབས་ཤིང་འགྲོ་དོན་ཤིན་ཏུ་རྒྱས་ནས་མེ་ཉག་རྒྱལ་པོའི་དབུ་བླ་མཛད། ཏི་ཤྲཱིའི་གོ་འཐོབ་བཞེས། དེ་ནས་ཡར་ཕེབས་པའི་ལམ་ཞུར་དུ་སྐྱོ་དུ་རོང་ཁར་ཕེབས་ཏེ་དགུངས་གྲངས་དོན་གསུམ་བཞེས་པ་རབ་བྱུང་བཞི་པའི་མེ་སྤྲེལ་སྤྱོ་ལོ་ ༡༢༣༦ ལོ་ཟླ་བ་ ༥ པའི་ཚེས་ ༡ ཉིན་གཟུགས་སྐུའི་བཀོད་པ་བསྡུས། ཁོང་གི་སློབ་ཆེན་སྤྱན་སྔ་རས་པ་དཀར་པོ། འབྲུ་ཏྲེ་བོ་ཨ་ཀླུ་ཚང་། གུ་གོང་པ་ཨའུ་སོགས་ཀྱིས་སྐུ་གདུང་གདན་དྲངས་ནས་ད་ལྟ་སྡོམ་ནང་གི་བྲག་སྣར་འགྲོ་མགོན་ཏི་ཤྲཱི་རས་པའི་སྐུ་གདུང་བཞག་མལ་དུ་བཞེངས་པ་རེད་ཟེར་བའི་མཆོད་རྟེན་དཀར་པོ་ཞིག་ཡོད་པའི་ཞོལ་དུ་མེ་མཆོད་ཕུལ་ནས་གདུང་སྦྱངས་མཛད། ཕ་ཡུལ་མེ་ཉག་ནས་ཡིན་པའི་ཏི་ཤྲཱི་རས་པ་དཀར་པོའི་སློབ་ཆེན་སྤྱན་སྔ་རས་པ་དཀར་པོ་གཙོས་པའི་འཁོར་བུ་སློབ་རྣམས་ཀྱིས་སྐུ་འབུམ་གྱི་ས་ཆ་དེར་སྒར་པ་བཞུགས་ཤིང་། ཏི་ཤྲཱི་རས་པའི་གཤེགས་རྫོངས་ཀྱི་གདུང་འབུམ་ཆེན་མོ་ཞག་ལྔ་བཅུའི་ནང་དུ་གྲུབ་པ་མཛད། སྐབས་དེར་ཧོར་སེ་ཆེན་རྒྱལ་པོའི་རྒྱལ་བུ་གཽ་པེ་ལས་མདོ་ཁམས་སྨད་དུ་དམག་དྲངས་ཏེ་ཕེབས་པའི་སར་རས་པ་དཀར་པོ་དང་། གུང་སྒོམ་ཨའུ་སོགས་དཔོན་སློབ་རྣམས་མཇལ་དུ་བྱོན། བླ་མ་ཏི་ཤྲི་རས་པ་རྒྱ་ནག་གི་དབུ་བླ་ཡིན། དེ་ཉིད་ཞི་བར་གཤེགས་ནས་གདུང་རྟེན་སྐུ་འབུམ་མཆོད་རྟེན་ཆེན་མོ་དང་། གཙུག་ལག་ཁང་ཡང་བཞེངས་དགོས་པ་བཀའ་འཁྲོལ་ཞུས་པས། སྔོན་ནས་བླ་མ་ཏི་ཤྲི་རས་པ་གོང་མའི་དབུ་བླ་ཡིན་གཤིས་དེ་ལྟར་སྒྲུབ་ཆོག་པའི་གནང་བ་སོགས་བསྩལ་པ་མ་ཟད། རས་པ་དཀར་པོ་ལྷ་ཆོས་ཀྱི་བླ་མ་དང་། གུང་སྒོམ་ཨའུ་མི་ཆོས་ཀྱི་དཔོན་པོ་ལ་བསྐོས་བཞག་མཛད་དེ། རྡོ་ཏི་གངས་དཀར་སོགས་མདོ་ཁམས་གནས་དྲུག་ཁྲི་སྐོར་ནང་ཆེན་ཐུགས་རྗེ་ཆེན་པོའི་ཆོས་སྲིད་ཀྱི་ཁྲིམས་སུ་བཅུག གནས་དྲུག་ཁྲི་སྐོར་ཞེས་པ་ནི་གཏམ་མཁར་སྐྱ། ཆམ་མཁར་དམར། རྫི་གྱི་ཐང་། ལྕི་རག་ནེའམ་ལྕི་འདབ་ཁ། ལྷོ་རྟ་ཤོད། འདན་རག་ཐག་བཅས་ལ་ཁྲི་སྐོར་དྲུག་ཡིན། <<དེ་ཡང་ཤོར་ཕུ་གསེར་ཕྲེང་གི་མཆན་ལས། ཁ་ངག་ལ། གོ་མཁར་སྐྱ། ཆམ་མཁར་དམར། རྫ་གྱིང་ཐང་། ལྕི་དབེ་ཁུ། ལྷོ་སྟག་ཤོད། འདན་རག་ཐག་ཡིན་ཟེར་ཞིང་། གང་ལྟར་ནའང་དུད་ཁྲི་སྐོར་དྲུག་ཡིན་ཅིང་། གཞིས་ཁ་དྲུག་ནས་དེའི་དཔྱ་ཁྲལ་བསྡུད་ཅིང་སྐུ་འབུམ་དགོན་དུ་འབུལ། ཞེས་བྲིས་འདུག་པས་དེ་ལྟར་ཡིན་པར་མངོན>>(གཞན་དག་དུད་ཁྲི་སྐོར་བཅུ་གཉིས་ཟེར་ནས་ཡང་བཤད་མཁན་འདུག) དེ་ནས་ཧོར་གྱི་ལུང་གིས་གཏན་འབེབས་བྱས་པ་བཞིན་མདོ་ཁམས་གནས་དྲུག་ཁྲི་སྐོར་མངའ་ཞབས་སུ་བསྡུས། ཆོས་སྲིད་ཀྱི་ལྟེ་བའི་ཕོ་བྲང་ནང་སོ་ཆེན་མོ་ཞེས་པ་ཀ་བ་ཉི་ཤུ་རྩ་ལྔའི་<<འགའ་ཤས་ཀྱིས་བརྒྱ་དང་ཉེར་ལྔ་ཞེས་བྲིས་འདུག་ཀྱང་ནོར་བ་སྟེ སོ་རག་གསེར་ཕྲེང་ལས། ལྷ་ཁང་ཆེན་མོ་ནང་ཀ་བ་ཉི་ཤུ་རྩ་ལྔ། ཕྱི་ཁྱམས་ཆེན་བསྐོར་ལམ་དང་བཅས་པ་ཞེས་པས་ཤེས་ནུས་>> ས་མལ་ཅན་སྟེང་དུ་གྱོ་ཐོག་གི་བྱ་འདབ་དང་གསེར་གྱི་གཉྫི་རས་སྤྲས་པ། ཕྱི་རོལ་དུ་ཁྱམས་ཆེན་པོ་སྐོར་ལམ་དང་བཅས་པ་དཔེ་ཟླ་བྲལ་བ་ཞིག་བཞེངས་གྲུབ་པ་བྱས་ནས། སྤྱན་སྔ་རས་པ་དཀར་པོ་ཕོ་བྲང་ནང་སོ་ཆེན་མོའི་ཆོས་ཁྲིར་མངའ་གསོལ། ཚོགས་པ་རྒྱ་མཚོ་ལྟ་བུ་བསྐྱངས་ཤིང་ཆོས་ཀྱི་འཁོར་ལོས་ཆར་ཕབ། སྐུ་འབུམ་དགོན་གྱི་གདན་རབས་དང་པོ་བླ་མ་རས་པ་དཀར་པོ་ནས་དབུ་བརྙེས་པ་དང་། གུ་གུང་པ་ཨའུས་སྡེ་སྲིད་ཀྱི་འགན་བཞེས་གནང་སྟེ་ལུགས་གཉིས་ཟུང་འབྲེལ་དུ་བསྐྱངས་པས།
མདོ་སྟོད་མི་ཡི་ཆོལ་ཁའི་ཁམས་ནང་ཆེན་རྒྱལ་རབས་ཀྱི་རྒྱལ་ས་ཐོག་མ་སྐུ་འབུམ་གྱི་གནའ་ཤུལ།
དུས་སྐབས་དེར་འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོའི་སློབ་རྒྱུད་དང་། ཏཱི་ཤྲཱི་རས་པའི་སློབ་རྒྱུད། འགྲོ་མགོན་སངས་རྒྱས་ཡེལ་པའི་སློབ་རྒྱུད་བཅས་ཀྱིས་སྒ་རྒྱུད་དང་། རྫ་རྒྱུད། ལྕི་རྒྱུད་སོགས་སྒོམ་ཆེན་གྱིས་རི་སུར་གང་བའི་རྒྱུ་མཚན་གྱིས་སྒོམ་སྡེ་ཞེས་པའི་མཚན་ཆགས། ཏི་ཤྲཱི་རས་པའི་སློབ་མ་སྤྱན་སྔ་རས་པ་དཀར་པོས་ཆོས་སྲིད་ཀྱི་འགན་ཐོག་མ་བཞེས་པས་ན་ཁོང་གི་མཚན་ལས་དྲངས་ཤིང་རས་ཚང་དང་། གོང་གི་སྒོམ་སྡེ་དང་རས་ཚང་ཞེས་པའི་ཚིག་གཉིས་སྡོམ་པས་ན་རས་ཚང་སྒོམ་སྡེ་ཞེས་ཐོག་ཡོད་པར་མངོན་འདུག དུས་སྐབས་དེར་འབྲུ་རྗེ་ལྷ་ཡི་གདུང་རྒྱུད་འབྲུ་ཁྲི་དར་སེང་གེ་ཚང་ཡང་གོང་ཞུས་ལྟར་ཐོག་མར་ཏྲེ་བོ་མདའ་ལ་སྒར་གཞིས་ཆགས་ཀྱང་དེ་ནས་རིམ་བཞིན་ཟླ་ཉིན་ཁ་ལ་རོང་འགག་ལ་ནང་ཆེན་ཚང་གི་ཆགས་ཤུལ་རེད་ཟེར་ནས་མཁར་ཤུལ་གྱི་གྱང་རལ་ད་ལྟའང་མཇལ་རྒྱུ་ཡོད་པ་དང་། དེ་བཞིན་ནང་ཆེན་ཚང་གི་བླ་ཆུ་རེད་ཟེར་ནས་ཡ་མཚན་པའི་ཆུ་མིག་ད་ལྟའང་ཡུལ་མི་ཀུན་གྱིས་ཀླུ་མཆོད་བྱེད་སྲོལ་ཡོད་པ་བཅས་ལ་དཔག་ན་འབྲུ་ཏྲེ་བོ་ཚང་ཡང་དེར་བཞུགས་ཡོད་པ་ཚོད་དཔག་བྱེད་ཐུབ། འགའ་ཤས་ཀྱིས་ཏྲེ་བོ་ཨ་ཀླུ་དང་། གུང་སྒོམ་ཨའུ་གཉིས་མི་གཅིག་ཡིན་པར་བསྒྲུབས་འདུག་ཀྱང་དེ་མ་ཡིན་པ་འོག་ནས་གསལ། ཡིན་ན་ཡང་ཁོང་གཉིས་གོང་འོག་གི་ལོ་ཚིགས་རྣམས་སྒྲིག་ན་དུས་རབས་གཅིག་གི་མི་ཡིན་པ་ནི་ར་འཕྲོད་གསལ་པོར་ཤེས་ཐུབ། རྒྱུ་མཚན་ནི་འབྲུ་ཏྲེ་བོ་ཨ་ཀླུའི་སྲས་ཏྲེ་བོ་ཆོས་ཀྱི་རྒྱམ་མཚན་ལ་འགྲོ་མགོན་ཆོས་རྒྱལ་འཕགས་པས་ཆེན་པོ་ལ་འོས་པའི་གོ་འཐོབ་གནང་ནས་ནང་ཆེན་ནང་གི་ཆོས་སྲིད་གཉིས་ཀྱི་བདག་པོ་མཛད་ཡོད་པར་གསུངས་པ་ལོ་རྒྱུས་ཁག་ཞལ་མཐུན་འདུག་པས། དེ་ལྟར་ན་འགྲོ་མགོན་ཆོས་འཕགས་སྤྱི་ལོ་ ༡༢༣༥ ལོར་སྐུ་འཁྲུངས་པ་ཡིན་ལ། སྤྱི་ལོ་ ༡༢༨༠ ལོ་སྐུ་འདས་ལོ་ཡིན་འདུག དེ་སྔོན་ལོ་རྒྱུས་སྨྲ་བ་ཁག་གིས་<<ཤོར་ཕུ་གསེར་ཕྲེང་ལས་ལྕགས་ཕོ་བྱི་བའི་ལོ་ལ་ཆོས་རྒྱལ་མཚན་ནང་ཆེན་ནང་གི་ཁྲི་ལ་བཞུགས་>>ཞེས་པའི་ལྕགས་ཕོ་བྱི་བའི་ལོ་དེ་སྤྱི་ལོ་ ༡༣༠༠ ཡིན་འདུག་པས་དེ་ལ་གཞི་བྱས་ནས་སྨྲ་བར་བྱེད་དོ། །དེ་ལ་དོག་གཞི་འདི་འབྱུང་སྟེ། སྤྱི་ལོ་ ༡༣༠༠ ལ་འགྲོ་མགོན་ཆོས་འཕགས་སྐུ་གཤེགས་ནས་ལོ་འཁོར་ཉི་ཤུ་སོང་ཟིན་འདུག་པས། ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་ལ་གོ་འཐོབ་གནང་བའི་དུས་དེ་མ་ཡིན་པ་གསལ་ལ། འོ་ན་ག་དུས་ཙམ་ཡིན་ཞེས་ན་འགྲོ་མགོན་ཆོས་འཕགས་རྒྱ་ནག་ལ་ལེན་གཉིས་ཕེབས་ཡོད་པ་ལོ་རྒྱུས་ཁག་ལས་གསལ་ལ། ཐེངས་རྗེས་མ་ཕེབས་ནས་ཡར་བོད་ལ་ཕེབས་པའི་སྐབས་དགུང་ལོ་ཞེ་གཅིག་ཡིན་འདུག་པས་སྤྱི་ལོ་ ༡༢༧༦ ལོར་གཙང་ས་སྐྱར་ཕེབས་ཡོད་འདུག་ལ། ལོ་དེར་མེ་བྱི་ཡིན་འདུག་པས་མེ་བྱི་དང་ལྕགས་བྱི་གཉིས་ནོར་བ་ཡིན་ནམ་སྙམ་ཡང་དཔྱད་དགོས། དེ་ལྟར་ཡིན་ན་རབ་བྱུང་ལྔ་པའི་མེ་བྱི་སྟེ་སྤྱི་ལོ་ ༡༢༧༦ ལོར་གནང་ཡོད་པར་མངོན་འདུག ཡང་ན་འགྲོ་མགོན་ཆོས་འཕགས་ཀྱིས་ནང་ཆེན་པའི་ཁྱབ་སྲིད་ཀྱི་གོ་འཐོབ་གནང་བའི་དུས་དང་། གདན་ས་སྐུ་འབུམ་དགོན་པའི་བླ་མའི་ཁྲི་རབས་ལ་མངའ་གསོལ་བའི་དུས་གཉིས་སྔོན་རྗེས་ཐ་དད་ཡིན་པར་ཁས་ལེན་པ་གཉིས་ལས་འོས་མེད་དོ། །གཞན་ཡང་ཏྲེ་རབས་ཁ་བ་ཚང་གི་སྲས་ཏྲེ་བོ་ཨ་ཀླུ་ཡང་སྤྱན་སྔ་རས་པ་དཀར་པོ་དང་མཆོད་ཡོན་ཡིན་པ་མངོན་ཏེ། ནང་ཆེན་གསེར་ཕྲེང་ལས། དེའི་སྲས་ཀྲེ་བོ་ཨ་ཀླུ་ཟེར། ཁོང་གིས་ནང་ཆེན་རྒྱལ་པོའི་གོ་གནས་ཐོག་མ་བཟུང་། ཁོང་དང་རས་པ་དཀར་པོ་མཉམ་དུ་ནང་ཆེན་གྱི་སྐུ་འབུམ་དགོན་བཞེངས། ཞེས་གསུངས་པས་ཤེས་ནུས། མ་ཟད་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་གྱི་ཕ་ཡབ་ངོ་མ་ཏྲེ་བོ་ཨ་ཀླུ་ཡིན་ལ། དེ་ལ་བུ་བདུན་ཡོད་པའི་ནང་ནས་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་སྲས་བཞི་པ་ཡིན་འདུག་པ་སོགས་ལ་དཔག་ན་ཡང་གུང་སྒོམ་ཨའུ་གནས་དྲུག་ཁྲི་བསྐོར་གྱི་དཔོན་པོ་ལ་སྤྱི་ལོ་ ༡༢༣༦ ལོར་བསྐོས་བཞག་བྱས་འདུག དེའི་སྐབས་སུ་ཏྲེ་བོ་ཨ་ཀླུ་ཡོད་པ་དངོས་ཡོད་ར་འཕྲོད་བྱུང་ཐུབ། ཡིན་ཡང་གུང་སྒོམ་ཨའུ་དང་མི་གཅིག་མ་ཡིན་པར་མངོན་ཏེ། སོ་རག་གསེར་ཕྲེང་ལས། གུང་སྒོམ་ཨའུ་ནི་རུས་གུང་པ་ཡིན་ཞིང་། ཞེས་གསུངས་པས་ཤེས་ནུས། དེ་ལྟར་ན་དུས་སྐབས་དེར་ལོ་རྒྱུས་གོང་བཤད་ལྟར་རས་ཚང་སྒོམ་སྡེ་དང་། འབྲུ་རྗེ་ལྷ་ཡི་གདུང་རྒྱུད་ཏྲེ་རབས་ཁ་བ་ཚང་བཅས་གོ་འཐོབ་དང་དབང་ཐང་ཡོད་པའི་ཚོ་ཁག་གཉིས་ལུང་པ་དེར་གནས་ཡོད་པ་ཡང་ཤེས་ཐུབ་སྟེ། འགྲོ་མགོན་ཆོས་རྒྱལ་འཕགས་པས་འབྲུ་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་ལ་གནང་བའི་བཀའ་ཡིག་ནང་དུ། <<ཁྱེད་རས་ཚང་སྒོམ་སྡེ་དང་རབས་ཁ་བ་གཉིས་ལ་གཏོགས་པའི་ལྷ་ཁང་དགོན་པ་བུ་སློབ་ཡོན་བདག་འཁོར་ཁ་སྡེ་རིས་རྣམས་ཀྱི་ངེས་རྒྱུར།>>ཞེས་རས་ཚང་སྒོམ་སྡེ་དང་རབས་ཁ་བ་གཉིས་ཞེས་ཚོ་ཁག་གཉིས་གསུངས་འདུག་པས་ཡང་ཤེས་ནུས། སོ་རག་གསེར་ཕྲེང་ལས། གུང་སྒོམ་ཨའུ་ནི་རུས་གུང་པ་ཡིན་ཞིང་། རས་པ་དཀར་པོའི་སྐུ་ཚེའི་སྨད་ལ་ཧོར་ཁྲིམས་བོད་ལ་འཇགས་པའི་དུས་སུ་སྐུ་འབུམ་རྩ་ཡི་སྒོམ་བ་མཛད་དེ། དེ་ནས་གནས་དྲུག་ཁྲི་སྐོར་ཡང་ཞབས་སུ་བཅུག་ཅིང་ཁྲི་དཔོན་གྱི་<<སྟག་མགོ་ནོར་བུ་གསུམ་པ་སོགས་འདིའི་དུས་ཐོབ>>ལས་དཀའ་བཟུང་ནས་བསྟན་པའི་ཞབས་ཏོག་མཛད་དོ། ཞེས་གསུངས་འདུག་པས། རས་ཚང་སྒོམ་སྡེ་འམ་གནས་དྲུག་ཁྲི་བསྐོར་གྱི་དཔོན་པོ་ཐོག་མ་ལ་ཧོར་སེ་ཆེན་རྒྱལ་པོའི་རྒྱལ་བུ་གཽ་པེ་ཡིས་གུང་སྒོམ་ཨའུ་བསྐོས་བཞག་བྱས་ཡོད་འདུག་ལ། ནང་ཆེན་གསེར་ཕྲེང་ལས། དེའི་སྲས་ཀྲེ་བོ་ཨ་ཀླུ་ཟེར། ཁོང་གིས་ནང་ཆེན་རྒྱལ་པོའི་གོ་གནས་ཐོག་མ་བཟུང་། ཁོང་དང་རས་པ་དཀར་པོ་མཉམ་དུ་ནང་ཆེན་གྱི་སྐུ་འབུམ་དགོན་བཞེངས། ཞེས་གསུངས་འདུག་པས་འབྲུ་ཏྲེ་བོ་ཨ་ཀླུ་ཡིས་ཀྱང་ནང་ཆེན་རྒྱལ་པོའི་གོ་གནས་བཟུང་ཡོད་པ་གསལ་པོ་རེད་འདུག ཤོར་ཕུ་གསེར་ཕྲེང་ལས། གུང་སྒོམ་ཨའུ་ནི། རྒྱལ་སྲིད་ཀྱི་མཛད་པ་རྒྱ་ཆེ། དྲུག་བཅུ་ཐམ་པ་ལ་གཤེགས། ཞེས་གསུངས་འདུག་པས་གནས་དྲུག་ཁྲི་སྐོར་གྱི་ཁྲི་དཔོན་བཟུང་ནས་ཡུན་མི་རིང་བར་དགུང་ལོ་དྲུག་བཅུའི་ཐོག་སྐུ་གཤེགས་ཡོད་པར་མངོན་ལ། དེ་རྗེས་འབྲུ་རྗེ་ལྷ་ཡི་གདུང་རྒྱུད་འབྲུ་ཏྲེ་བོ་ཨ་ཀླུ་ཚང་གིས་རས་ཚང་སྒོམ་སྡེ་འམ་གནས་དྲུག་ཁྲི་སྐོར་གྱི་གོ་འཐོབ་བཟུང་ཡོད་པར་སྣང་། དེ་ཡི་རྐྱེན་གྱིས་དུས་སྐབས་དེར་ནང་ཆེན་གནས་དྲུག་ཁྲི་སྐོར་གྱི་ཆོས་སྲིད་གྱི་ལྟེ་གནས་སྐུ་འབུམ་དགོན་དུ་མ་མཐུན་པ་ཅུང་ཟད་རེ་བྱུང་ཡོད་ན་ཐང་བསམ་བཞིན་འདུག རྒྱུ་མཚན་ནི་དུས་སྐབས་དེར་ལྷ་ནང་ཚུལ་གསུམ་བྱ་བ་རྒྱལ་པོའི་ཞབས་ཏོག་ལས་གནས་པ་ཆེ་གྲས་གསུམ་ཡོད་པ་རྣམས་ཀྱི་ནང་ནས་ཚུལ་པ་ཤེས་རབ་དཀོན་མཆོག་གིས་ནང་ཆུང་བ་ཞེས་པའི་སྐུ་མཁར་བཞེངས་པ་དང་། ལྷ་པ་ཤག་རྒྱལ་བས་ནང་སར་བ་ཟེར་བའི་སྐུ་མཁར་བཞེངས་། ཕོ་བྲང་ནང་སོ་ཆེན་མོའི་བླ་མའི་ཁྲི་རབས་གསུམ་པ་རིགས་དབོན་བྱང་ཆུབ་གཞོན་ནུས་སྐུ་རིང་ལ་ཚང་མ་སོ་མའམ་ཚང་མང་གསར་པ་དང་བཅས་སྐུ་མཁར་དང་ལྷ་ཁང་སོ་སོར་བཞེངས་དགོས་བྱུང་བ་སོགས་ཀྱང་ཁྱབ་སྲིད་ཀྱི་རྐྱེན་པས་མ་མཐུན་པ་ཅུང་བྱུང་ཡོད་པར་མངོན་ཏེ། དེའི་སྐབས་ནང་ཚང་གཉིས་མ་མཐུན་པ་བྱུང་བའི་ཁོག་ནད་ཕྱིས་སུ་རྒྱལ་རབས་བརྒྱད་པ་ཆོས་སྐྱོང་སྐྱབས་ཀྱི་སྐབས་སུ་ཀརྨ་པ་ཆོས་གྲགས་རྒྱ་མཚོ་དཔལ་གཞུང་དུ་སྤྱན་དྲངས། ཁྲི་རྭ་ཅན་གྱི་འབུལ་བ་བྱས། དབང་ཁྲིད་རྫོགས་པར་གནང་། ནང་ཚང་གཉིས་ཀྱི་འཁྲུགས་པ་འདུམ་སྒྲིག་མཛད། ཞེས་པ་དང་། དེའི་དོན་ཆོས་འབྱུང་མཁས་པའི་དགའ་སྟོན་ལས། ནང་ཆེན་དང་ཚང་གསར་གཉིས་རྩོད་ཡུན་རིང་བས་ཐམས་ཅད་སྡུག་བསྔལ་བ་ལ་བཀའ་ཡི་བདུད་རྩི་བསྩལ་བས་གཉིས་ཀའི་ཞལ་ངོ་གདན་ས་ཕྱག་ཕྱིར་འབྲང་། རྩོད་པ་རང་སར་ཞི། སྒོམ་སྡེ་སྤུན་གཉིས་ཞེས་སྒར་དུ་གྲགས་ཤིང་མཛའ་བར་གྱུར་ཞེས་གསུངས་འདུག་པས་ཤེས་ནུས། དེ་ལྟར་ན་ཏྲེ་རབས་ཁ་བ་དང་རས་ཚང་སྒོམ་སྡེ་གནས་དྲུག་ཁྲི་སྐོར་ཡོངས་ལ་དབང་སྒྱུར་བྱེད་མཁན་གྱི་རྒྱལ་པོ་ཐོག་མ་ནི་འབྲུ་རྗེ་ལྷ་ཡི་རྒྱུད་པ་འབྲུ་ཏྲེ་བོ་ཨ་ཀླུ་ཡིན་པ་ཤེས་ཐུབ་བོ། །སྐབས་དེ་ནས་བཟུང་འབྲུ་ཡི་གདུང་རབས་ཕྱི་དལ་དབུ་ཚུགས་པ་རེད།