དེབ་སྔོན་དུ་ཁྲི་བཙན་པོ་འོད་ལྡེ་ཞེས་པ་དང་དོན་གཅིག་བོད་རྒྱལ་རབས་ཀྱི་ཐོག་མ་དེ་གང་ནས་བྱོན་པ་ལ། གཟུགས་ཁམས་འོད་གསལ་ལྷ་ལས་བབས་པ་དང༌། ཤཱཀྱའི་རྒྱལ་རྒྱུད་ཡིན་པ་སོགས་གཏམ་རྒྱུད་འདྲ་མིན་ཡོད་ཅིང༌། གང་ལྟར་ཡུལ་གང་ཞིག་ནས་བོད་ཡུལ་བཙན་ཐང་སྒོ་བཞིར་སླེབས་པའི་ཚེ་བོད་མི་རྣམས་ཀྱིས་མཐོང་སྟེ་མི་ལས་འདས་པའི་མཚན་དང་ལྡན་པས་ཡ་མཚན་སྐྱེས་ཏེ་གང་ནས་བྱོན་དྲིས་པར། སྐད་བརྡ་མ་འཕྲོད་པར་གནམ་ལ་མཛུབ་མོ་ཀེར་བས་ལྷ་ལས་ཆད་པར་གོ་ནས། བོད་ཁམས་ཀྱི་རྒྱལ་པོར་འོས་སོ་ཞེས་གཉའ་བར་བཏེགས་ནས་འོང་བས་གཉའ་ཁྲི་བཙན་པོ་ཞེས་གྲགས་ལ། དེ་དུས་བོད་ལ་ཡུལ་རྗེ་བཅུ་གཉིས་ཡོད་པའི་སྤྱིའི་དབང་པོར་གྱུར་པས་བོད་སྤྱིའི་རྒྱལ་པོའི་ཐོག་མ་ཡིན་ལ། གནམ་གྱི་ཁྲི་བདུན་དུ་གྲགས་པའི་དང་པོ་ཡང་ཡིན།