Central Welfare of Nangchen Nyernga – ནང་ཆེན་ཉེར་ལྔའི་དྲ་བ།

༈ ནང་ཆེན་ཉེར་ལྔའི་མི་རིགས་ས་ཁུལ།

༈ ནང་ཆེན་ཉེར་ལྔའི་མི་རིགས་སྲིད་འཛིན་ས་བགོས་དུས་འགྱུར་དབང་གིས་དེང་སང་ཡོས་ཧྲུའུ་བོད་རིགས་རང་སྐྱོད་ཁུལ་ཞེས་པ་ཞིག་ཆགས་ཡོད། དེའི་དབང་དུ་བྱས་ནས་ཅུང་ཟད་བཤད་ན། ནང་ཆེན་ཉེར་ལྔའི་ས་ཆ་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་ཚོ་ཉིས་འབུམ་དྲུག་ཁྲི་བདུན་སྟོང་ཡོད། དེང་སང་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱལ་སའི་རྒྱ་ཁྱོན་ལས་བརྒྱ་ཆ་སོ་བདུན་དང་ཆ་ཤས་གཉིས་ཟིན། ས་ཁོངས་ཆ་སྙོམས་ཀྱི་མཚོ་ངོས་མཐོ་ཚད་ལ་སྨིས་བཞི་སྟོང་ཡན་དུ་སླེབས་ཡོད། ལོ་འཁོར་མོའི་གནམ་གཤིས་དྲོ་གྲང་ནི་ཀླད་ཀོར་0°c ཡིན། ནང་ཆེན་ཉེར་ལྔའི་མངའ་ཁོངས་སུ་དེང་སང་བཤད་ཚུལ་བྱས་ན། ཡུལ་ཤུལ་དང་། ཁྲི་འདུ། ནང་ཆེན། རྫ་སྟོད། འབྲི་སྟོད། ཆུ་དམར་ལེབ་བཅས་རྫོང་དྲུག་དང་། གྲོང་རྡལ་བཅུ་དང་། ཡུལ་ཚོ་སོ་ལྔ། སྡེ་ ༼འབྲོག །༽དམངས་ཨུ་ཡོན་ལྷན་ཁང་ཉིས་བརྒྱ་ང་བརྒྱད་ཡོད། རང་སྐྱོང་ཁུལ་གྱི་གྲོང་ཁྱེར་སྐྱེ་རྒུ་གྲོང་དུ་ཆགས། དེ་ནི་ཤར་གྱི་གཞུང་ཐིག་༩༧°༠༡དང་། བྱང་གི་འཕྲེད་ཐིག་༣༣°༠༡གཅིག་གི་བསྣོལ་ཐིག་ཐོག་ཏུ་ཡོད། དེ་ནི་དེང་སང་བཤད་ན་ནང་ཆེན་ཉེར་ལྔའི་སྤྱི་ཡོངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། འགྲིམ་འགྲུལ་གྱི་ལྟེ་གནས་ཡིན།

སྤྱི་ལོ་༢༠༡༢ལོའི་ལོ་མཇུག་ཏུ་ནང་ཆེན་ཉེར་ལྔའི་སྤྱི་འབངས་སམ་ཡུས་ཧྲུ་ཁུལ་ཡོངས་ལ་སྤྱིའི་མི་གྲངས་སུམ་འབུམ་དགུ་ཁྲི་ཉིས་སྟོང་ཡོད། དེའི་ནང་དུ་བོད་རིགས་ཁྲི་ཚོ་སོ་བརྒྱད་ཡོད་པས། དེས་མི་གྲངས་ཡོངས་ཀྱི་བརྒྱ་ཆ་གོ་བདུན་ཟིན། ད་དུང་རྒྱ་དང་། ཁ་ཆེ། ཧོར། སོག་པོ། ཟ་ལ། མེའུ་རིགས། པུའུ་གཞིས། མན་ཇུ། ཀོ་རེ་ཡ་སོགས་མི་རིགས་གཞན་གྱིས་མི་གྲངས་ཡོངས་ཀྱི་བརྒྱ་ཆ་གཉིས་དང་གྲངས་ཅུ་གསུམ་ཟིན་ཡོད་འདུག  དེ་ནི་དེང་སང་རྒྱ་ནག་རྒྱལ་ཡོངས་གྲངས་ཉུང་མི་རིགས་རང་སྐྱོང་ས་ཁུལ་སུམ་ཅུ་ཁྲོད་ནས་གཙོ་གྱུར་མི་རིགས་ཀྱིས་ཟིན་ཚད་ཆེས་མཐོ་བའི་རང་སྐྱོང་ཁུལ་ཞིག་རེད་ཅེས་ངོས་འཛིན་བྱས་ཡོད་འདུག

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནི་བསྐལ་པ་ཡར་དར་བོད་བཙན་པོའི་རྒྱལ་རབས་ནས་བཟུང་སྤྱི་ལོ་ ༡༩༥༨ ལོའི་བར་ལ་བོད་ཀྱི་སྲིད་འཛིན་ས་ཁུལ་མདོ་དབུས་ཁམས་གསུམ་ཞེས་གྲགས་པའི་ཁམས་ཀྱི་ས་ཁུལ་ཡིན་ལ། ཁམས་ཀྱི་རྒྱལ་ཕྲན་ཆེ་བཞི་སྟེ། སྡེ་དགེ་རྒྱལ་པོ། ལྷ་ཐོག་རྒྱལ་པོ། གླིང་ཚང་རྒྱལ་པོ། ནང་ཆེན་ཆོས་རྒྱལ་ཆེན་པོ་བཅས་རྒྱལ་ཕྲན་ཆེན་བཞིའི་ཡ་གྱལ་ནང་ཆེན་ཉེར་ལྔ་ཞེས་གྲགས་པའི་ཆབ་འབངས་ཡོངས་ལ་ཟེར་བ་ཡིན། འབྲོག་ལས་གཙོ་བོར་དང་། དེའི་ཞོར་དུ་ཞིང་ལས་ཀྱང་གཉེར་བའི་ས་ཆ་ཞིག་ཡིན་པ་དང་། གྲང་ངར་ཆེ་ཞིང་དབྱང་དབུགས་དཀོན་པ་རེད། དཔལ་འབྱོར་སྒྲིག་གཞི་ཆིག་རྐྱང་ཡིན་ལ་སྤྱི་ཚོགས་འཚར་ལོངས་བྱུང་ཚད་དམའ་བ་དང། སློབ་གསོ་རིག་གནས་རྗེས་སུ་ལུས་ཤིང་ཞིང་ལས་དང་། འབྲོག་ལས་ཀྱི་རྨང་གཞི་བརྟན་པོ་མེད་པ་དང་། ཞིང་འབྲོག་དམངས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཞན། དབུལ་ཕོངས་ཀྱི་ས་རྒྱ་ཆེ་ལ་དབུལ་ཞིང་ཕོངས་ཚད་སྡུག །བོད་བརྒྱུད་ནང་བསྟན་ཆོས་ལུགས་གྱི་ལོ་རྒྱུས་ཡུན་རིང་ཞིང་ཆོས་ལུགས་ཀྱི་ཤུགས་རྐྱེན་ཐེབས་ཚད་ཟབ་པ་རེད། ནང་ཆེན་ཉེར་ལྔའི་ས་ཁོངས་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་གསུམ་སྟེ་ཆུ་ཆེན་གསུམ་གྱི་ཆུ་མགོ་ཡིན། དེ་ནི་འཛམ་གླིང་ཐོག་ནས་ས་རྒྱ་ཆེས་ཆེ་བའི་གྲང་ཆེ་ས་བརླན་དང་། གྲང་ཆེ་རྩྭ་ཐང་། གྲང་ཆེ་ས་རྒོད་ཀྱི་ས་ཆ་ཡིན་པས་གྲང་ཆེ་སྐྱེ་དངོས་རང་བྱུང་དམིགས་བསལ་ཐོན་ཁུངས་བང་མཛོད་དང་། མཐོ་སྒང་གཞི་འཛིན་བང་མཛོད་ཅེས་པའི་མིང་ཡོད། སྐྱེ་དངོས་སྣ་མང་རང་བཞིན་དང་། དམིགས་བསལ་སྣ་མང་རང་བཞིན། གཞི་འཛིན་སྣ་མང་རང་བཞིན། རྒྱུད་འཛིན་སྣ་མང་རང་བཞིན་དང་རང་བྱུང་མཛེས་ལྗོངས་སྣ་མང་རང་བཞིན་རྣམས་མངོན་གསལ་དོད་པོ་རེད། སྔ་མོ་ནས་ཆུ་ཆེན་གཙང་པོའི་འབྱུང་ཡུལ་དང་། རི་རྒྱལ་ལྷུན་པོའི་འདུས་འཁོར། གཡང་ཟོག་ནོར་གནག་གི་ཕ་ས་སོགས་ཡིན་པའི་རྒྱུས་མཚན་གྱིས་ནང་ཆེན་ནོར་བུའི་གླིང་ཞེས་པ་དེ་ཡོངས་སུ་གྲགསཡོད་མ་ཟད། ཞབས་བྲོ་གླུ་གཞས་ཀྱི་ཕ་ཡུལ་ཞེས་དང་། རྒྱ་ནག་གིས་བཤད་ན་ཀྲུང་ཧྭའི་ཆུ་མཛོད་ཅེས་པའི་མཚན་སྙན་ཡོད་པ་རེད། འབྲི་ཟླ་རྨ་མགོ་དང་། ཨ་ཆེན་གངས་རྒྱབ། རོང་པོ་མཚོ་བཅས་རྒྱ་ནག་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་གསུམ་གྱིས་རང་སྐྱོང་ཁུལ་ས་ཆ་ཚང་མ་ཁེབས་ཡོད། རྒྱ་ནག་གིས་ངོས་འཛིན་སྟངས་བྱས་ན་རྨ་འབྲི་ཟླ་རྨ་མགོའི་ལྟེ་གནས་སྲུང་སྐྱོང་ས་ཁུལ་བཅོ་བརྒྱད་ཁྲོད་ཀྱི་ས་ཁུལ་བཅུ་ནི་ནང་ཆེན་ཉེར་ལྔའམ་དེང་དུས་བཤད་ན་ཡུལ་ཤུལ་དུ་ཡོད་ཅིང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་ཚོ་དགུ་ཁྲི་དྲུག་སྟོང་ཡིན། དེས་དེང་སང་ཡུས་ཧྲུའུ་ཁུལ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལས་བརྒྱ་ཆ་ཞེ་གཅིག་ཟིན། འབྲི་ཟླ་རྨ་མགོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆ་དོན་གཉིས་ཟིན། ཆུ་ཆེན་གསུམ་གྱི་འབབ་ཁོངས་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་ཚོ་ཉིས་འབུམ་སུམ་ཁྲི་བདུན་སྟོང་ཡོད། དེས་ཁུལ་ཡོངས་ཀྱི་རྒྱ་ཁྱོན་ལས་བརྒྱ་ཆ་གྱ་དགུ་ཟིན། དེ་ནི་རང་རྒྱལ་དང་ཡ་གླིང་གི་ཆེས་གཙོ་བོའི་འབབ་ཆུ་སྟོད་རྒྱུད་ཀྱི་ཆུ་མགོ་ས་ཁུལ་ཞིག་རེད་ལ། ཨོའུ་ཡ་གླིང་ཆེན་གྱིས་གསོས་པའི་ཆུ་ཆེན་ཆེས་འདུས་པའི་ས་ཁོངས་ཤིག་ཡིན་པས་ཆུ་ཆེན་གཙང་པོ་འཁོར་རྒྱུག་གི་ཐོག་མའི་ནུས་པ་ཐོན་བཞིན་ཡོད།

Leave a Reply

Your email address will not be published. Required fields are marked *