Central Welfare of Nangchen Nyernga – ནང་ཆེན་ཉེར་ལྔའི་དྲ་བ།

༈ ཤུལ་མ་རྫ་ཆུ་ཁ་མིན། བསྟན་འཛིན་ཐར་འདོད་ནས།

༈ ཤུལ་མ་རྫ་ཆུ་ཁ་བ་མིན་པའི་སྒྲུབ་བྱེད་ལྷག་མ།

ཉེ་སྔོན་བདག་གིས་ཕྱོགས་ཞེན་དང་རུས་འཐེན་གང་དང་ཡང་མ་སྦྲེལ་བར་འདས་སོང་གི་ལོ་རྒྱུས་དང་ད་ལྟའི་གནས་བབ་ལ་གཞིག་སྟེ་རང་གི་བསམ་ཚུལ་དག་མ་དེ་དྲྭ་ལམ་དུ་བཞག་པ་ཡིན། དྲྭ་ལམ་ནི་མཐའ་གྲུ་ལས་རྒྱ་ཆེ་ལ་རླུང་བུ་ལས་བང་ཁ་སྐྱེན་སྟབས་བདག་གི་བསམ་ཚུལ་དེ་ཡང་ས་རྡུལ་ལྟར་ཕྱོགས་གང་སར་འཐོར་སོང་ཟིག དེ་ལ་དྲྭ་ལམ་ཁག་ཏུ་བདག་ལ་ཕྱོགས་པའི་དྲི་བ་གཉིས་ཡོད་པར་སྣང་སྟེ། བསྟན་འཛིན་ཐར་འདོད་སུ་ཡིན་པ་དང་། ཤུལ་མ་རྫ་ཆུ་ཁ་བ་མིན་པའི་སྒྲུབ་བྱེད་ལྷག་མ་བཅས་རེད། འདིར་ངས་ཟུར་མིང་ཞིག་བཀོལ་བ་དེ་ཤུལ་མ་རྫ་ཆུ་ཁ་བ་མིན་ཞེས་པའི་སྐད་ཆ་འདི་ལ་འཚང་ཞིག་དང་གསང་བ་ཞིག་ཡོད་ནས་མིན་ལ་རང་གི་ངོ་གདོང་བསྟན་མ་སྤོབས་པར་བྲེད་ནས་མདའ་མོ་འཇབ་འཕེན་བྱས་པ་ཞིག་ཀྱང་མིན། ཁྱེད་རྣམས་ཀྱིས་སུ་ལ་དོག་པ་ཟོས་ན་ང་ནི་མི་བུ་དེ་རང་ཡིན་སྲིད། སྐབས་འདིར་ང་རང་ཉིད་སུ་ཡིན་མིན་དེ་གལ་མི་ཆེ་བས་གནས་སྐབས་ལན་མེད།

ཕྱི་མ་དེ་ལ་བསམ་པ་བྱ་བ་མང་དག་ཅིག་འདུག འདི་ལ་བོད་ཕྱི་ནང་གང་སར་བཞུགས་པའི་གཞོན་སྐྱེས་སྨྱུག་ཐོགས་པ་གང་འཚམ་ཞིག་གིས་སོ་སོ་ལ་འཆར་བའི་དགོངས་ཚུལ་དག་མ་རེ་བརྗོད་འདུག་པ་ཚོར་བས་ཧ་ཅང་དགའ་བོ་བྱུང་། ལོ་རྒྱུས་ནི་ལོ་རྒྱུས་རང་དང་། བྱུང་བ་ནི་བྱུང་ཟིན་པ་རང་ཡིན་པས་འདི་ལ་གཟུར་བོར་གནས་དགོས་པ་ནི་ཧ་ཅང་གནད་འགག་ཅན་ཞིག་ཏུ་སྣང་། བྱུང་ཟིན་པ་ཞིག་གི་ངོས་ནས་གླེང་ཡོང་དུས་ཕྱོགས་རུས་དང་སྡང་ཟུག་བྱེད་རིན་མེད་ལ་བྱས་པས་ཀྱང་མི་ཕན། འོན་ཀྱང་འགའ་ཤས་ནི་སྔར་བཤད་པ་ལྟར་རྡོག་ལམ་རྟོལ་བའི་འགྲོན་པོ་བཞིན་རྐང་མགོ་གར་གཏད་མེད་པར་འཁྱོར་འགྲོས་བྱེད་པར་མཐོང་བ་དང་། ཡང་ངས་སྔར་བཤད་པ་དེ་ལ་འགའ་ཤས་ཀྱིས་ཟུར་མང་པོ་ཞིག་ཀྱང་བཏགས་འདུག་པར་མངོན་པས་དེ་དག་ལམ་གོལ་བ་ལས་ལྡོག་པའི་ཆེད་དང་གསལ་བཤད་ཙམ་གྱི་དོད་དུ་ཡང་གཅིག་ཞུ་དགོས་བྱུང་། ངས་ནི་ཤུལ་མ་རྫ་ཆུ་ཁ་བ་མིན་པའི་རྒྱུ་མཚན་ཙམ་ལས་མཐའ་གཅིག་ཏུ་རྫ་ཆུ་ཁ་བ་སྡུག་པོ་ཡིན་ཞེས་མཐུན་སྒྲིལ་ལ་གནོད་པའི་ཚིག་སྦྱོར་རྐང་གཅིག་ཀྱང་བཤམས་མེད། དྲྭ་རྩོམ་དེར་(དོན་དངོས་དང་མཐུན་མིན་ཇི་ལྟར་ཡང་)ཞེས་པ་དང་(སྤྱི་ཚོགས་གང་ཡིན་ཡང་མི་ཡག་སྡུག་འདྲ་མིན་ཡོང་བ་ནི་ཆོས་ཉིད་ཅིག་ཡིན་ལ)ཞེས་བྲིས་ཡོད། ང་ཚོའི་སྤྱི་ཚོགས་ཁྲོད་དུ་དེ་འདྲའི་མཐོང་ཚུལ་ཞིག་ཡོད་པ་ནི་མངོན་གསལ་རེད། དཔེར་ན་རྫ་ཆུ་ཁ་བ་དག་གིས་རྒྱ་སྡེ་རོ་ནས་རྟ་ཟོག་རྐུ་འཕྲོག་བྱེད་པ་དང་། རྒྱ་སྡེ་དག་གིས་ནོམ་པ་རྗེས་གཅོད་བྱེད་པ་བཅས་ཀྱི་བྱུང་ཟིན་གྱི་ཟིན་ཐོ་དག་ནི་བྱུང་ཟིན་པ་རང་ཡིན་པས་ཇི་ལྟར་བསུབ་ཐུབ། ཤུལ་མ་ཚང་གིས་ཀྱང་འབུམ་རྙིང་ཚང་གི་རྟ་ཇག་པ་ཞིག་བསད་དེ་རྐུན་པོའི་རོ་འགུགས་སྒྲོལ་གཡབ་མོ་དང་བཅས་ཏེ་མཆོད་རྟེན་གྱི་འོག་ཏུ་གནན་པ་བྱས་ཚུལ་ནི་ཤུལ་གྲགས་འབུམ་གྲགས་ཀྱི་གནས་ཚུལ་ཞིག་ཡིན།

རྒྱུ་མཚན་དང་གནས་ལུགས་རྗོད་སྐབས་དྲང་དགོས་ཤིང་། འདས་དོན་དང་ལོ་རྒྱུས་འཆད་སྐབས་ནི་ཐམས་ཅད་ནས་ཐམས་ཅད་དུ་གླེང་དགོས། འདི་ལ་རེ་དོགས་དང་དགའ་ཞེན་གྱིས་སྦ་གསང་བྱེད་ཅིང་དངོས་དོན་གཞན་དུ་བསྒྱུར་བ་ནི་ལོ་རྒྱུས་ལ་ནག་ཐིག་ཕབ་པ་ཞིག་ཅི་ལ་མིན། ཤུལ་མ་རྫ་ཆུ་ཁ་བ་མིན་ཞེས་པའི་སྐད་ཆ་འདི་ནི་དཔེར་བཞག་ན་ཤེལ་ངོས་གྲུ་བཞི་ལྟ་བུ་ཞིག་རེད། ཤེལ་ངོས་གྲུ་བཞི་ནི་མདུན་ནས་བལྟས་ཀྱང་གྲུ་བཞི་ཡིན་ལ་རྒྱབ་ནས་བལྟས་ཀྱང་གྲུ་བཞི་ཞིག་རེད། ཤུལ་མ་རྫ་ཆུ་ཁ་བ་མིན་པ་ནི་རྫ་ཆུ་ཁ་བའི་ངོས་ནས་བལྟས་ཀྱང་རྫ་ཆུ་ཁ་བ་མིན་ལ་ཤུལ་མའི་ངོས་ནས་བལྟས་ཀྱང་རྫ་ཆུ་ཁ་བ་མིན། ཁག་ཅིག་གིས་དེང་སྐབས་ཤུལ་མ་རྫ་ཆུ་ཁ་བ་དང་འབྲེལ་ཆེ་བས་རྫ་ཆུ་ཁ་བ་ཡིན་སྙམ་པ་དང་། ཡང་ཤུལ་མ་རྫ་ཆུ་ཁ་བ་མིན་ན་དེ་དག་དང་འབྲེལ་ཐག་ཆད་འགྲོ་སྙམ་པ་ནི། ཤུལ་མ་རྫ་ཆུ་ཁ་བ་ཡིན་པའི་སྒྲུབ་བྱེད་དུ་སོང་བ་ལྟ་ཅི། ལོ་རྒྱུས་དང་བྱུང་བའི་གནས་ཚུལ་མ་མཐོང་བར་རང་གི་སྙིང་ཆུང་དགའ་ཞེན་དང་རེ་དོགས་ཁོ་ནའི་དབང་དུ་ཕྱིན་ཏེ་རང་ལ་གནས་ལུགས་དེ་ཙམ་ལས་གཞན་མེད་དོ་ཞེས་སྒྲོག་པའང་ཞར་ལ་ཐོན་འདུག ཁྱེད་ཀྱི་ཞེ་འདོད་ལ་ཤུལ་མ་རྫ་ཆུ་ཁ་བ་མིན་ཞེས་བཤད་ན་རྫ་རྒྱུད་མཉམ་འབྲེལ་ཚོགས་པ་དང་། མདོ་སྟོད་འཇང་དགུན་ཆོས་ཐོག དེ་བཞིན་སེར་ཤུལ་དགོན་དུ་གྲྭ་རྒྱུན་གྱི་ཐོབ་ཐང་བཅས་པ་ཕྱིར་བསྡུ་བྱེད་དགོས་སྙམ་པ་དེ་རེད། འདིས་ནི་ཁྱེད་ཀྱི་སེམས་ཁམས་དེ་ཁབ་མིག་ལས་ཀྱང་དོག་པ་གསལ་བོར་བྱས་པ་མིན་ནམ། དེ་བཞིན་ཡང་ཤུལ་མ་རྫ་ཆུ་ཁ་བ་ཡིན་པའི་སྒྲུབ་བྱེད་ལ། ང་ཚོའི་དམངས་ཁྲོད་དུ། ངའི་ཕ་ཡུལ་རྫ་ཆུ་ཁ་བ་རེད། །ཁ་ལ་གཞས་རྫ་ཆུ་འབབ་འབབ་རེད། །ཅེས་ལེན་བཞིན་ཡོད་པ་བཀོད་ཡོད་ཚོད་འདུག སྤྱིར་སྐད་ཆ་འདི་དགའ་ཞེན་དང་ཁེ་གྱོང་བཅས་ལ་མ་སྦྲེལ་བར་དམངས་ཁྲོད་ཀྱི་གོམས་སྲོལ་ལ་ཁ་ནང་དུ་ཕྱོགས་ཏེ་བསམ་གཞིག་བྱས་ནས་རྒྱུ་མཚན་འདྲེན་པ་ཞིག་ཏུ་སྣང་མོད། འོན་ཀྱང་དེ་ནི་རྫ་ཆུ་ཁ་བ་དག་གིས་བཏང་བའི་དབྱངས་དང་ཚིག་དེ་དག་ང་ཚོས་བསྐྱར་བཟླས་བྱས་པ་ཙམ་རེད། དཔེར་ན། གླུ་བ་ཤེར་བརྟན་གྱིས། རྨ་ཡུལ་མགོ་ལོག ང་ཚོའི་ཕ་ཡུལ། བསང་རླུང་རྟས་བར་སྣང་བཀང་ས། བུ་ང་ཡི་ཕ་ས་ཕ་ཡུལ། ཞེས་པའི་གཞས་དེ་ང་ཚོའི་གླུ་བ་དག་གིས་བསྐྱར་བརྗོད་བྱེད་པ་བཞིན་ཡིན་པས་དེ་ཡང་རྒྱུ་མཚན་རྣལ་མ་ཞིག་ཏུ་མི་སེམས།

ཡང་མཁས་པ་ཁག་ཅིག་གིས་ངས་བཤད་པ་དེའི་རྒྱུ་མཚན་རེ་རེ་ནས་དྲངས་ཏེ་རྟགས་གསལ་ཁྱབ་སྐོར་རེ་འཕངས་འདུག་པར་མངོན་ཡང་ཤུལ་མ་རྫ་ཆུ་ཁ་བ་ཡིན་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་སྒྲུབ་བྱེད་ནི་གང་ཡང་གནང་མི་འདུག དོན་ངོ་མ་བཤད་ན་ངས་མཐའ་གཅིག་ཏུ་ཤུལ་མ་རྫ་ཆུ་ཁ་བ་མིན་པར་བསྒྲུབ་དགོས་མེད་ལ་བསྒྲུབས་པས་ཀྱང་སྒེར་ལ་ཁེ་བཟང་དངུལ་ལོ་གཅིག་ཀྱང་ཐོབ་བྱ་མེད། འོན་ཀྱང་ལོ་རྒྱུས་ནི་གོང་དུ་བཤད་པ་ལྟར་བྱུང་ཟིན་པ་ཞིག་ཡིན་པས་ངས་འདིའི་ངོས་ནས་གླེང་བཞིན་ཡོད། འདི་ལ་བཙན་པོའི་བཀའ་ཡིས་བཅད་བཞག་རྒྱུ་ཞིག་དང་མཁས་པའི་ཞལ་གྱིས་རྩོམ་འཇོག་རྒྱུ་ཞིག་མེད། ནམ་ཞིག་ན་ཁྱེད་རྣམས་ཀྱིས་ཤུལ་མ་རྫ་ཆུ་ཁ་བ་ཡིན་པའི་སྒྲུབ་བྱེད་གཙང་སིང་ངེ་བ་ཞིག་བཀོད་ཡོང་ན་བདག་ཀྱང་གཟུར་བོར་གནས་ངེས་ཡིན། བྱུང་བ་ནི་གནས་ལུགས་དང་རྒྱུ་མཚན་ལ་མ་ལྟོས་པར་རང་ཐད་དུ་ཐལ་ཟིན་པ་ཞིག་ཡིན་པས་འདི་ལ་ཁྱབ་པ་རྣལ་མ་བཞི་དང་ཕྱིན་ཅི་ལོག་བཞི་སོགས་ཁྱབ་པ་སྒོ་བརྒྱད་གང་ཡང་མ་ངེས། འུ་ཅག་གི་ངག་རྒྱུན་དུ་དགེ་རྩེ་ཨ་སྐྱབས་ཤུལ་མ་ཞེས་པ་ཞིག་ཡོད་ཀྱང་། ཚིག་སྐམ་དེ་གཅིག་པུས་འུ་ཅག་རྫ་ཆུ་ཁ་བར་སྤུར་འགྲོ་བ་ནི་མིན་ཏེ། སྤྱིར་དགེ་རྩེ་ཞེས་པ་ནི་དབོན་པོ་ཚང་ལ་ཟེར་གྱི་ཡོད་ཅིང་རྫ་ཆུ་ཁ་བ་ལ་དགེ་རྩེ་ཞེས་པའི་སྤྱི་སྒྲ་འདི་ཤུགས་མི་ཆེ་བས་སོ། །ད་དུང་དགེ་རྩེ་ཞེས་པ་གཅིག་པུ་ལ་འཐམ་འདོད་ན་འུ་ཅག་དབོན་པོ་ཚང་དང་། རང་དགོན་ཡང་དབོན་པོ་དགོན་དུ་ཁས་འཆེ་དགོས་པ་ལས་མ་འདས། ཤེལ་ངོས་གྲུ་བཞི་ནི་གང་ནས་བལྟས་ཀྱང་གྲུ་བཞི་ཞིག་ཡིན་ཞེས་པ་ལྟར་ཤུལ་མ་རྫ་ཆུ་ཁ་བ་མིན་པ་ནི་རྫ་ཆུ་ཁ་བའི་མི་བུ་རྒན་པ་མང་པོ་ཞིག་གིས་ཀྱང་བདག་ལ་བཤད་མྱོང་ལ། ལོ་རྒྱུས་སྨྲ་བའི་མཁས་པ་དག་གི་གསུང་ལས་ཀྱང་ཞར་ལ་ཐོན་འདུག རྫ་ཆུ་ཁ་བའི་རྒན་པ་ཁོང་ཚོས་བཤད་པར་གཞིག་ན་རྫ་ཆུ་ཁ་བ་ལ་རྫ་སྟོད་དང་རྫ་སྐེད་རྫ་སྨད་བཅས་སུ་ཡོད་ཅིང་རྫ་སྟོད་ནི་སེར་ཤུལ་རྫོང་ནས་བརྩིས་པའི་རྫོང་ཁག་དག་ཡིན་ཟེར། དེ་ལྟར་གཟུར་བོར་གནས་པའི་རྫ་ཆུ་ཁ་བ་དག་གིས་ཀྱང་ཤུལ་མ་རྫ་ཆུ་ཁ་བ་མིན་ཚུལ་ཚུར་འགྲེལ་ཡོང་དུས་འུ་ཅག་དེར་ཕར་ཨུ་ཚུགས་ཀྱིས་འཛུལ་དགོས་དོན་གང་ཡང་མེད། དེ་ལྟར་ཤེས་བཞིན་དུ་ད་དུང་ཨུ་ཚུགས་ཀྱིས་ཕར་འཛུལ་བསྡད་ན་སྐུ་ངོ་རྫིག་པའི་ཉམས་མ་དགོས་ཕོར་བ་ཆེ་བའི་སྐྱོན་ཞེས་པ་དེ་འབྱུང་སྲིད།

དེ་དག་ནི་ཞོར་འཕྲོས་ཙམ་ཡིན་ལ་ད་ནི་ལོ་རྒྱུས་ཀྱི་བདེན་དོན་དངོས་ལ་འཇུག་པར་བྱ་བ་ལ། ལོ་རྒྱུས་རིག་པའི་ཆེད་མཁས་པ་མཁས་དབང་ནམ་མཁའི་ནོར་བུས་རྫ་ཆུ་ཁ་བའི་ཡུལ་སྡེ་བགྲང་སྐབས། ཁོང་གིས། རྫ་ཆུ་ཁ་ནི་འབྲོག་སྡེ་ཤ་སྟག་ཡིན་འདུག་ཅིང་། དེར་ཡོངས་གྲགས་སུ་འབྲོག་སྡེ་ཚོ་ཆེན་བཅོ་བརྒྱད་དུ་ཡོད་འདུག་པ་རིམ་བཞིན་སེར་ཤུལ། ཁྲོམ་རྫ་གོང་མ། ཨ་རིག་རྫ། ཝ་ཤུལ། འབའ་ཆུང་། འཇུ་བ། ཁྲོ་གོང་། ཁྲོ་འགབ། ཐར་ཤུལ། དགེ་རྩེ། འབུམ་རྙིང་། འབུམ་གསར། བ་ཐུར། ཆེ་ཝོ། ཕྱག་ཚ་དང་། བྱང་པ་ཁག་གསུམ་དུ་གྲགས་པ་དག་ཡིན་པ་རེད། ཅེས་རྫ་ཆུ་ཁ་བར་འབྲོག་སྡེ་ཚོ་ཆེན་བཅོ་བརྒྱད་ལས་མང་བར་མ་གསུངས་ཤིང་། ཚོ་ཆེན་བཅོ་བརྒྱད་ཀྱང་རེ་རེ་ནས་བགྲང་སྐབས་ཤུལ་མ་ཟུར་ཙམ་ཡང་མེད་པ་འདིས་ཤུལ་མ་རྫ་ཆུ་ཁ་བ་ཡིན་མིན་ཁོང་ལ་དོགས་གནས་ཙམ་ཡང་མེད་པ་གསལ་འདུག ཡང་ཁོང་གིས། རྫ་ཆུ་ཁའི་མི་སྡེ་ཕལ་ཆེ་བ་ནི་མདོ་ཁམས་སྡེ་དགེ་ས་སྤྱོད་པའི་མངའ་འབངས་ཡིན་འདུག་པ་དང་། དེ་ལས་བྱང་པ་ཁག་གསུམ་ཞེས་བྱ་བའི་མི་སྡེ་དག་ནི་མདོ་ཁམས་གླིང་ཚང་ས་སྤྱོད་པའི་མངའ་འབངས་ཡིན་འདུག ཅེས་གསལ་བ་འདིས་ཀྱང་ཧ་ཅང་གསལ་ཏེ། རྫ་ཆུ་ཁ་བའི་འབྲོག་སྡེ་ཡོངས་རྫོགས་སྡེ་དགེ་ས་སྤྱོད་པའི་མངའ་ཁོངས་དང་གླིང་ཚང་ས་སྤྱོད་པའི་མངའ་འབངས་སུ་འདུས་པར་བཤད་ཅིང་།

འུ་ཅག་ཤུལ་མ་ཚང་ནི་ནང་ཆེན་རྒྱལ་པོའི་མངའ་ཁོངས་ནང་ཆེན་ཉེར་ལྔའི་ནང་ཚན་དང་ཤུལ་མ་བེ་ཧུ་ནི་བེ་ཧུ་ཉེར་ལྔའི་ནང་གི་ཡ་གྱལ་ཞིག་ཡིན་པས་སོ། (བེ་ཧུ་ཞེས་པ་དཔོན་ཆུང་ཞེས་པའི་དོན)།འུ་ཚང་གི་མེས་པོ་དག་གི་འབྱུང་ཁུངས་ནི་མོན་གོ་རྒྱན་ཡིན་འདུག་ཅིང་། དཔོན་རུ་སྨད་མ་དང་ཤུལ་མ་གཉིས་ནི་འབྱུང་ཁུངས་ཀྱི་ངོས་དང་མཐུན་སྒྲིལ་གྱི་ངོས་གཉིས་ཀ་ནས་མི་ཚང་གཅིག་པའི་སྤུན་ཟླ་ལྟ་བུ་ཞིག་ཏུ་འདུག་པས་དཔོན་རུ་སྨད་མ་རྫ་ཆུ་ཁ་བ་ཡིན་ན་འུ་ཚང་ཡང་དེ་ཡིན་ཆོག་ལ་དེ་བཞིན་དཔོན་རུ་སྨད་མ་སྒ་བ་ཡིན་ན་འུ་ཚང་ཡང་སྒ་བ་ཡིན། ཤུལ་མ་དང་དཔོན་རུ་སྨད་མའི་འབྱུང་ཁུངས་སམ་ཆད་ཁུངས་ནི་མོན་གོ་རྒྱན་ཡིན་ལ། ཕྱིས་ཤུལ་མ་དང་དཔོན་རུ་དཔོན་ཁག་སོ་སོར་གྱུར་ནས་ཀྱང་སྡེ་མོག་ཤུལ་གཉིས་ཞེས་པ་སྐྱིད་སྡུག་གཅིག་པའི་སྡེ་བ་ཆ་འགྲིག་ཅིག་རེད། འདི་ལ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དགོས་ན་ནང་ཆེན་ཉེར་ལྔའི་རྒྱལ་རབས་ངོ་སྤྲོད་དང་ལོ་རྒྱུས་རྒྱུ་ཆ་འདེམས་བསྒྲིགས་ཞེས་པར་གཟིགས། དེབ་ཐེར་དེ་ལས། ཤུལ་མ་ནི་སྔོན་མོན་གོ་རྒྱན་ཁོངས་ཀྱི་དཔོན་ཆུང་ཞིག་ཡིན་ཞིང་། དཔོན་གྱི་ནུ་བོ་འབྲུག་རྒྱུད་བླ་མ་ཆགས་དུས་བླ་མ་འབྲུག་རྒྱུད་མོན་གོ་རྒྱན་ལས་ཁ་བྲལ་སྟེ། ཞེའུ་དང་སེབ་པ་སོགས་མཉམ་དུ་འབྲུག་རྒྱུད་དཔོན་སྡེ་ཟེར་བ་ཞིག་ཆགས། སྐབས་དེ་དུས་དཔོན་ཆུང་གསུམ་ཡོད་པ་སྟེ། ཤུལ་མ་དང་། ཨ་མྱེ། ཞེའུ་བཅསསོ། །འགོ་ལོག་ཁག་གསུམ་གྱིས་མོན་གོ ཡང་ཤར། འབྲུག་རྒྱུད(རྒྱ་སྡེ་ཁག་གསུམ)ལ་དམག་རྒྱབ་སྐབས། ཤུལ་མ་དཔོན་ཆུང་ཕུལ་བསམ་དཔལ་བཟང་དམག་སར་གྲོངས། དུས་རབས་ཉི་ཤུའི་མགོ་སྟོད་ཙམ་ལ་འབྲུག་རྒྱུད་ནས་ཁ་བྲལ་ཏེ་རང་གིས་དཔོན་ས་བཟུང་སྟེ་དཔོན་འགོ་ཞིག་ཆགས། ཞེས་དང་། དུས་རབས་འདིའི་མགོ་ཙམ་ལ་རྒྱ་རྨཱ་ཁྱི་ཚང་གི་དམག་དཔུང་ནང་ཆེན་ཉེར་ལྔའི་ཁོངས་གཏོགས་ཀྱི་ཡུལ་སྡེ་བཙན་བཟུང་གིས་ཕྱོགས་བཞིར་རྒྱ་བསྐྱེད་བྱས་པ་དང་། དཔོན་རུ་སྨད་མ་ལ་ཁྲལ་ཆེན་པོ་བཀལ་བས། དཔོན་རུ་སྨད་མའི་དཔོན་ཚེ་བློས་ངོས་ལེན་མ་བྱས་སྟབས། རྒྱ་རྨཱ་ཁྱི་ཚང་གིས་རྒྱ་དམག་ཆིག་སྟོང་ཙམ་བཏང་ནས་འབྲུག་རྒྱུད་དགོན་གྱི་ཕར་ཕྱོགས་ཐང་ཆེན་ཐོག་དམག་སྒར་རྒྱབ་སྟེ་རྟ་རྒྱུག་བོས་འཕེན་སོགས་སྡིག་ར་བྱས་ཏེ་བོད་མིས་རང་འགུལ་གྱིས་མགོ་སྒུར་བའི་རེ་སྟོང་བྱས་ཀྱང་། དཔོན་ཚེ་བློ་གཙོས་དཔོན་རུ་སྨད་མ་དང་ཤུལ་མ་སྡེ་བ་གཉིས་ཀྱིས་འཇིགས་ཞུམ་སྤུ་ཙམ་མེད་པར། མཉམ་འབྲེལ་གྱིས་གདམ་མདའ་རུ་གཡུལ་བཤམས་ནས་ཕན་ཚུན་དམག་འཐབ་དྲག་པོ་བྱས་མཐར་བོད་དམག་རྒྱལ་ཁ་ཐོབ་སྟེ་རྒྱ་དམག་སུམ་བརྒྱ་ཙམ་ཁྲི་འདུར་བྲོས་ཤོར་བ་མ་གཏོགས་ཚང་མ་རྩ་མེད་བཟོས། རྒྱ་དམག་གི་མེ་སྒྱོགས་དང་མེ་མདའ་སོགས་ཀྱང་བོད་དམག་གིས་འཕྲོག བོད་དམག་གི་ཕྱོགས་ནས་དཔོན་ཚེ་བློ་དང་རྗེ་རྣམ་སྤུན་གཉིས་སོགས་སྡེ་ནང་གི་གྲགས་ཅན་མི་བཅོ་བརྒྱད་གཙོས་པའི་དཔའ་བོ་མང་པོ་ཞིག་གཡུལ་སར་འདས། ཞེས་དང་། ཡང་དེའི་གཤམ་དུ། དཔོན་རུ་སྨད་མའི་དཔོན་མགོན་རྣམ་དང་མགོན་རུ་ཁྲི་དགའ་སྤུན་གཉིས། ཤུལ་མ་དཔོན་སྡེ་དགའ་སོགས་ཀྱིས་དམག་མི་ཁ་ཤས་ཁྲིད་དེ་བཙན་ས་བཟུང་ནས་རྒྱ་དམག་གིས་བཀག་སྟེ་ཤི་འཐབ་བྱས་པས། དཔོན་མགོན་རྣམ་དང་མགོན་རུ་ཁྲི་དགའི་ཕ་བུ་གཉིས། ཤུལ་མ་དཔོན་སྡེ་དགའ་སོགས་ཚང་མ་རྒྱ་དམག་གིས་བསྐོར་ནས་ཉིན་མང་པོར་དམར་འཛིངས་བྱས་ཏེ་ཡུལ་སྡེ་མི་མང་སྲོག་ལས་ཐར་བའི་ཆེད་དུ་ཚང་མ་དཔའ་ངར་ཆེན་པོའི་ངང་སྙིང་ཁྲག་དྲོན་མོ་གཡུལ་སར་ཕོས་ཏེ་གླིང་སྒྲུང་ནང་གི་དཔའ་རྟུལ་ཡིན་ན་ཡང་དེ་ལས་ལྷག་པ་ཡོད་མི་སྲིད། ཅེས་སོགས་ན་གསལ་འདུག འདི་དག་ནི་མི་རབས་གཅིག་གཉིས་ཤིག་གི་སྔོན་དུ་བྱུང་ཞིང་རང་ཅག་དང་ཧ་ཅང་ཁ་ཐག་ཉེ་བའི་བྱུང་བ་ཞིག་ཡིན་པས་ལོ་རྒྱུས་ཀྱི་ཟིན་ཐོ་ཞིག་ལ་མཚོན་ན་མིག་གིས་མཐོང་ཐུབ་ཅིང་ལག་པས་སྙོབ་ཐུབ་པའི་ཚོད་དུ་འདུག འོན་ཀྱང་རང་ཅག་ལ་ངང་ཚུལ་དེ་ལྐོག་ཏུ་གྱུར་ཏེ་ཡར་འགྲོ་མར་འགྲོ་མི་ཤེས་པའི་ཚོད་ཙམ་དུ་སླེབས་པ་འདི་འུ་ཚང་གི་མཁས་པ་དག་གིས་གནས་འདི་ལ་སྤྱན་ཟུང་གཡོ་ཙམ་ཡང་མ་གནང་བས་ནོངས་པ་ཁོ་ནར་འདུག

མཚམས་འདིར་དྲི་བ་དྲིས་ལན་ཞིག་བྱེད། སྒ་བའི་བླ་མ་རབ་འབྱམས་པ་ཞེས་པ་ཁོང་སུ་རེད། ཁོང་ནི་སྐུ་རབས་བཅུ་གསུམ་ཡོད་པར་གྲགས་པའི་ཤུལ་མ་དགོན་དགེ་ལྡན་ཕུན་ཚོགས་བཤད་སྒྲུབ་དར་རྒྱས་གླིང་འདི་ཉིད་ཕྱག་འདེབས་པ་པོ་དམ་ཅན་རྡོ་རྗེ་ལེགས་པ་བྲན་དུ་འཁོར་བའི་སྔ་འགྱུར་གསང་སྔགས་རྙིང་མའི་བླ་ཆེན་ཞིག་རེད། འོ་ན་ཁོང་ལ་སྒ་བའི་བླ་མ་ཟེར་དོན་གང་ཡིན། འདི་ནི་ཁྱེད་ཅག་གིས་ལན་འདེབས་དགོས་པའི་རང་བྱུང་གི་དྲི་བ་ཞིག་རེད། སྤྱི་ཚོགས་རྙིང་བར་སྒ་བ་དག་གི་བླ་མའི་མཚན་གྱི་དབུར་སྒ་བ་ཞེས་པ་མང་པོ་ཡོད། དཔེར་ན། སྒ་ཨ་གཉན་དམ་པ་དང་། སྒ་བ་བླ་མ་འཇམ་དབྱངས་རྒྱལ་མཚན། སྒ་སྟོན་ངག་དབང་ལེགས་པ་ཞེས་པ་ལྟ་བུ་དག་རེད། བྱང་གླིང་པཎ་ཆེན་ཞེས་པ་སུ་རེད། ཁོང་ནི་དགའ་ལྡན་ཁྲི་ཐོག་དོན་བཞི་པ་རྒྱལ་རོང་བློ་བཟང་ལྷུན་གྲུབ་ཀྱི་དངོས་སློབ་མཁས་པའི་སྙན་པ་གཡོ་བའི་པཎྜིཏའི་མཚན་ཅན་གྱི་གང་ཟག་དེ་རེད། འུ་ཅག་གི་དགོན་སྡེ་གསར་མར་བསྒྱུར་མཁན་གྱི་སྐྱེས་བུ་དེ་རེད། ཤུལ་མ་ཚང་གི་ཆོས་སྲིད་གཉིས་ཀྱི་བདག་པོ་གླིང་སྤྲུལ་ཚེ་རིང་སྟོབས་རྒྱལ་གྱི་སྐུ་ཕྲེང་དང་པོ་དེ་རེད། འོ་ན་ཁོང་ལ་བྱང་གླིང་པཎ་ཆེན་ཟེར་དོན་ཅི། བྱང་རིགས་རྒྱ་སྡེ་ཁག་གསུམ་གྱི་མཁས་པ་ཡིན་པས་རེད། དེམ་ཆི་ཉེར་ལྔ་ཞེས་པ་གང་དག་རེད། བོད་ཀྱི་དཔོན་ཆེན་ཁག་བཞི། འབྲོང་པ་བྱང་རོང་ཤོག་བཞི། དགེ་རྒྱས་སྟོད་སྨད་བར་གསུམ། སྒ་པ་རིན་ཆེན་ཚོ་དྲུག ཡག་རྭ་ཕ་ཤོག་བཅོ་བརྒྱད། ཡུལ་ཤུལ་ལིང་ཚེ་བཅུ་གཉིས། སྒ་སྟོད་ཨ་ཁྲོ་ཆེ་བདུན། བྱང་རིགས་རྒྱ་སྡེ་ཁག་གསུམ་སོགས་རེད། སྒ་བ་ཡིན་ན་སྒ་བ་རིན་ཆེན་ཚོ་དྲུག་གང་རུང་ཡིན་ཨེ་དགོས་ཤེ་ན། དེང་སང་ཡུལ་ཤུལ་ལིང་ཚེ་བཅུ་གཉིས། སྒ་སྟོད་ཨ་ཁྲོ་ཆེ་བདུན་སོགས་ཐམས་ཅད་སྒ་བ་ཞེས་པའི་ཁ་བྱང་གཅིག་གི་འོག་ཏུ་ཤར་བསྐྱོད་བྱེད་བཞིན་ཡོད་པས་འདི་ལ་དོགས་པ་མི་དགོས་པ་མངོན་སུམ་གྱིས་གྲུབ་ཡོད། ང་ཚོ་ལ་རྒྱ་སྡེ་ཟེར་དོན་གང་ཡིན། དུས་ཚོད་ག་གེ་མོ་ཞིག་གི་རིང་ང་ཚོ་ཟི་ལིང་རྒྱ་རྨ་ཁྱི་ཚང་གི་ཁྱབ་འོག་ཏུ་གཏོགས་པས་ཡིན། དེ་ལྟར་ཡང་རྩིས་དཔོན་ཞྭ་སྒབ་པའི་བོད་ཀྱི་སྲིད་དོན་རྒྱལ་རབས་སུ། ཆིངས་ཡིག་དེ་བཞིན་བོད་ཕྱོགས་ནས་འགལ་ན་རི་ཆབ་དཔལ་གསུམ་གྱི་ས་རིས་རྣམས་ཟི་རྒྱས་དབང་རྒྱུ། ཡང་ཟི་རྒྱའི་ཕྱོགས་ནས་འགལ་ན་དིམ་ཆི་ཉི་ཤུ་རྩ་ལྔའི་ས་སྡེ་རྣམས་བོད་གཞུང་ནས་དབང་རྒྱུ་བྱས་ཡོད་པ་དང་། ཞེས་བོད་གཞུང་དང་ཟི་ལིང་རྒྱ་རྨ་ཁྱི་ཚང་གཉིས་དབར་དམག་འཁྲུག་ཐེངས་མང་བྱས་རྗེས་གྲོས་མཐུན་དོན་ཚན་ལྔ་ལ་ཐམ་ག་རྒྱག་སྐབས་ཀྱི་གནས་ཚུལ་འཁོད་པ་ལས་གསལ་འདུག

དེ་ལྟར་འདས་ཟིན་པའི་ལོ་རབས་ལ་ཕྱིར་བལྟས་བྱེད་དུས་འུ་ཅག་ཤུལ་མ་ཚང་ལ་དཔའ་བོ་བྱུང་ཡོད་ལ་མཁས་པ་ཡང་བྱུང་ཡོད། འོན་ཀྱང་དཔའ་བོ་དང་མཁས་པ་དག་གི་བྱས་རྗེས་ཚང་མ་ལོ་ཟླའི་དཀྱོག་མཚམས་དང་ལྷན་དུ་ཕྱིན་སོང་བ་ནི་ཡིད་ཕོངས་བ་ཞིག་དང་སེམས་སྐྱོ་དགོས་པ་ཞིག་རེད། འུ་ཅག་ཤུལ་མ་ནི་མི་ཚང་གཅིག་ཙམ་དང་ཕྱོགས་ཁག་ཆུང་ཆུང་ཙམ་ཞིག་མིན་པར་དགྲ་ཤུགས་ཆེ་བའི་ལོ་རྒྱུས་ཅན་གྱི་སྡེ་བ་ཞིག་ཡིན་པས་རང་ངོས་ནས་རང་ཚུགས་ཐུབ་པའི་ལོ་རྒྱུས་ཀྱི་དེབ་ཐེར་ཞིག་མེད་པ་ནི་ངོ་གནོང་དགོས་པ་ཞིག་རེད། མི་རབས་གཉིས་གསུམ་ཙམ་གྱི་བྱུང་བ་ལ་ནག་ཡོར་རེ་ཡོད་པ་འདི་འུ་ཚང་གི་མཁས་པ་དག་གིས་གནས་འདི་བཏང་སྙོམས་སུ་བཞག་པའི་ལན། གཞན་ལ་མིག་དཔེར་ལྟོས་དང་། དཔེར་ན་ཨ་རིག་ཅེས་པ་རིགས་རུས་གཅིག་པའི་མི་ཚང་བརྒྱ་ཕྲག་བརྒལ་བ་ཡོད་མཁན་ཞིག་རེད། ལོ་རྒྱུས་ནས་ལོ་རྒྱུས་མཐུད་དེ་འབྲི་ཡོང་དུས་མཐར་མི་ཚང་གཅིག་བར་དུ་བྲིས་ཡོད་པ་ལྟར་བུ་རེད། དེ་དག་ནི་གཙོ་བོ་ཁོང་ཚོའི་མི་རྒྱུད་ནང་དུ་ལོ་རྒྱུས་ལ་དོ་སྣང་ཡོད་མཁན་མང་དག་ཅིག་བྱུང་ནས་འདས་སོང་གི་ཟིན་ཐོ་དག་མི་རབས་གསར་བ་ལ་ཤུལ་བཞག་བྱས་པའི་བཀའ་དྲིན་གྱིས་རེད། དེ་རིང་གི་རྩོད་པ་ནི་སང་ཉིན་གྱི་གྲོས་ཆོད་ཡིན་ཞེས་པ་ལྟར་ཡིན་པས་ཁོ་བོས་གནས་ལུགས་བཤད་པའི་སྐད་ཆ་ལ་རྒྱབ་སྐྱོར་བྱེད་མཁན་སྤྱི་དང་། གནོད་སྐྱོན་འཕེན་མཁན་ལ་ཡང་གུས་པས་བཅོས་མིན་སྙིང་ནས་རྗེས་སུ་ཡི་རང་དང་བསྟོད་བསྔགས་ཞུ་བཞིན་ཡོད། རྒྱུ་མཚན་ནི་ཁྱེད་རྣམས་ཀྱིས་ཁོ་བོས་བྲིས་པ་དེ་དག་ལྟག་རྒྱབ་ཏུ་མ་གཡུག་པར་བདག་གིར་བྱས་ཤིང་རང་དོན་དང་མ་སྦྲེལ་བར་ནང་དོན་ཞིབ་དཔྱད་དང་འབྲེལ་ཤུལ་མ་སྤྱིའི་ལོ་རྒྱུས་དང་ཁ་ཕྱོགས་ལ་བསམ་གཞིག་བྱས་པ་ཞིག་ཡིན་པས་སོ། །ཁོ་བོས་བཤད་པ་ཡང་གནས་ལུགས་ཡོད་བསམ་ནས་ཡིན་ལ་ཁྱེད་ཀྱིས་འགོག་པ་ཡང་དེ་འདྲ་རེད། དེ་ལྟར་བདེན་པ་དང་བདེན་པ་བརྡར་ནས་ལོ་རྒྱུས་དང་ལོ་རྒྱུས་འཐབ་ནས་ཕྱིན་ན་ནམ་ཞིག་ལ་འུ་ཅག་གི་ཁ་བྱང་ངོ་མ་ཞིག་དང་གནས་ལུགས་རྗེན་པ་ཞིག་རག་སྲིད། དེ་དག་ནི་འུ་ཅག་གིས་འབད་པའི་སྙིང་དགོས་དག་མ་དེ་ཡང་ཡིན། དེ་མིན་ཁྱོད་རྒྱལ་ང་ཐོབ་ཀྱི་བསམ་པ་ཁོ་ནས་རྩོད་བསྡད་ན་དགོས་པ་འགྲུབ་མི་སྲིད་པར་མ་ཟད་དངོས་དོན་ཡང་དཀྱོག་ལམ་ཞིག་ཏུ་ཐལ་འགྲོ

མཐའ་དོན་ངས་གོང་དུ་བཤད་པ་ལྟར་ཤུལ་མ་རྫ་ཆུ་ཁ་བ་དང་སྒ་བ་གང་ཡིན་ཡང་བདག་ལ་ཁྱད་པར་གང་ཡང་མེད་མོད། འོན་ཀྱང་དོན་འདི་ལ་བདག་གིས་བསམ་བློ་གཏོང་གིན་གཏོང་གིན་རྒྱུ་མཚན་འཚོལ་གྱིན་འཚོལ་གྱིན་ང་ཚོ་རྫ་ཆུ་ཁ་བ་དང་རིང་དུ་རིང་དུ་འགྲོ་བཞིན་འདུག བན་ཆུང་མི་བདེན་ཡིག་ཆུང་བདེན་ཞེས་པ་ལྟར་ཡིན་པས་ཁ་ཙམ་མིན་པར་ཤུལ་མ་རྫ་ཆུ་ཁ་བ་ཡིན་པའི་སྒྲུབ་བྱེད་ལོ་རྒྱུས་ཀྱི་ཟིན་ཐོ་དག་མ་རེ་ཡོད་ན་གནང་རོགས་ཞེས་ཞུ་བཞིན་ཡོད། དེ་མིན་བརྒལ་འདོད་ཀྱི་བསམ་པ་ཁོ་ནས་ཐལ་ངག་དང་སུན་འབྱིན་སྟོང་བ་དག་གིས་ཚ་སྐམ་རེ་དང་སྟོང་བསྐོར་རེ་དོན་དུ་གཉེར་བས་ནི་གར་ཡང་མི་སླེབས་པས་གཟུར་བོར་གནས་པ་གལ་ཆེ། ལོ་རྒྱུས་ཀྱི་རྒྱབ་ལྗོངས་བཟང་པོ་རེ་དང་གནས་ལུགས་གསལ་བོ་རེ་ཡོད་ན་ངེས་པར་འུ་ཚང་ལ་མཁོ་བས་སྙིང་དབུས་སུ་མི་སྦེད་པར་མིག་སྔར་འགྲེམས་སྤེལ་བྱེད་རོགས་ཞེས་ཀྱང་ལག་ཟུང་ཐལ་མོ་སྦྱར་ཏེ་ཞུའོ།། །།

སྨྲས་པ།

བདེན་པའི་སྨྲ་ལྕེ་བསྐྱངས་ནས་བཞག་ཡོད་རེ་དོགས་ངར་མའི་འཆིང་རྒྱ་མི་དགོས། །

ལོ་རྒྱུས་ཡིག་འབྲུ་འབུར་དུ་ཐོན་འདུག་དཀྱོག་བཤད་ཚིག་གིས་འབྲི་བསུབ་མི་དགོས། །

ལོ་རྒྱུས་སྣེ་མོར་ལོ་རྒྱུས་མཐུད་དགོས་འདས་ཟིན་ལོ་ཟླའི་ཕྲེང་གོག་བགྲང་དགོས། །

བདེན་པའི་རྒྱབ་ལ་བདེན་པ་ལྷན་དགོས་བདེན་དོན་དག་མའི་བཞིན་བཟང་འཚོལ་འགྲོ །

འཐད་སྒྲུབ་དོན་བཟང་གཡུ་ལོ་གཅིག་ལ་ཡང་། །

ལོག་རྟོག་རང་སར་གྲོལ་བའི་གནད་འདུག་པས། །

བྱང་གླིང་པཎ་ཆེན་དགྱེས་པའི་མཆོད་སྤྲིན་འདི། །

བཀྲ་ཤིས་རྟེན་འབྲེལ་འཇོ་བའི་ཆར་དུ་སྒོམས། །

ཞེས་བྱའོ།། ཕྱི་ལོ༢༠༡༤སྤྱི་ཟླ༨ཚེས༥ཉིན་རྫོགས་པར་བྲིས།

Leave a Reply

Your email address will not be published. Required fields are marked *