
༈ འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས། །སྲས་ཀྱི་ཐུ་བོ་བྱམས་དང་འཇམ་པའི་དབྱངས།།
ཤིང་རྟའི་སྲོལ་འབྱེད་ཀླུ་སྒྲུབ་ཐོགས་མེད་ཞབས །འཕགས་ཡུལ་མཁས་གྲུབ་ཡོངས་ལ་སྙིང་ནས་འདུད།།
བསྟན་པའི་མངའ་བདག་རྒྱལ་བ་ཡབ་སྲས་གསུམ། །བྱམས་ཆེན་ཆོས་རྗེ་བློ་གྲོས་རིན་སེང་དང་།།
རིགས་པའི་དབང་ཕྱུག་ཆོས་ཀྱི་རྒྱལ་མཚན་ཞབས། །ལུགས་འདིའི་བརྒྱུད་པའི་བླ་མ་རྣམས་ལ་འདུད།།
གངས་ཅན་ཤིང་རྟའི་སྲོལ་འབྱེད་ཙོང་ཁ་པ །གང་དེའི་དངོས་སློབ་འདན་མ་ཡོན་ཏན་དཔལ།།
གང་དེས་ཕྱག་བཏབ་ལབ་ཀྱི་ཆོས་སྡེ་དགོན། །གང་གི་བླ་སློབ་དགེ་འདུན་ཡོངས་ལ་འདུད།།
སྙིང་རྗེ་ལྷ་གཅིག་འཕགས་མཆོག་སྤྱན་རས་གཟིགས། །སྙིགས་མའི་དུས་འདིར་མི་ཡི་ཚུལ་བཟུང་བ།།
སྙིགས་དུས་འགྲོ་བའི་སྐྱབས་གཅིག་དྲིན་ཅན་རྗེ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས།།
དེ་ཡང་ཇི་སྐད་དུ། ཀུན་མཁྱེན་གཉིས་པ་དབྱིག་གི་གཉེན་པོའི་ཞལ་སྔ་ནས་བསྟན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། ། དེ་འཛིན་བྱེད་པ་སྨྲ་བྱེད་པ།། སྒྲུབ་པ་བྱེད་པ་ཁོ་ནའོ། །ཞེས་ཇི་སྐད་གསུངས་པ་ལྟར་སྲིད་ཞིའི་ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་གནས་ཕན་པ་དང་བདེ་བའི་ཆོས་ཐམས་ཅད་ཀྱི་རྩ་བ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་དེའི་ཡང་སྙིང་འཇམ་མགོན་རྒྱལ་བ་གཉིས་པའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་སྒ་མདོ་ཁམས་ཕྱོགས་སུ་ཐོག་མ་བྱུང་བ་ནི། ཕུན་ཚོགས་སྡེ་བཞི་དཔལ་གྱིས་མངོན་པར་མཐོ་ཞིང་དགེ་བཅུའི་གཡང་དུ་འཁྱིལ་བའི་སྒ་ལབ་ལུང་དཔལ་གྱི་ལྷ་ཡི་ལུང་པ་འདིར། རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་དྲུག་གི་ཡ་གྱལ་མཁན་ཆེན་ཡོན་ཏན་དཔལ་བས་ཕྱག་བཏབ་པའི་ལབ་དགའ་ལྡན་མདོ་སྔགས་བཤད་སྒྲུབ་འཕེལ་རྒྱས་གླིང་འདི་ཉིད་ཡིན་ལ། དེ་ནས་རིམ་གྱིས་ཕྱོགས་འདིར་རྗེ་རིང་ལུགས་འཛིན་པའི་དགོན་སྡེ་དུ་མ་འཕེལ་རྒྱས་སུ་བྱུང་བ་རྣམས་སོ་སོའི་རྣམ་ཐར་ལོ་རྒྱུས་སོགས་ལས་ཤེས་པ་བྱའོ།།
ལབ་ཀྱི་དགོན་ཆེན་ཆོས་སྡེ་དགོན་པའམ་ལབ་དགའ་ལྡན་མདོ་སྔགས་བཤད་སྒྲུབ་འཕེལ་རྒྱས་གླིང་འདི་ཉིད་གང་དུ་ཕྱག་བཏབ་པའི་ཡུལ་གྱི་ས་གནས་ནི།
འཕགས་མཆོག་ཐུགས་རྗེ་ཆེན་པོའི་གདུལ་ཞིང་གངས་རི་རྭ་བས་ཡོངས་སུ་བསྐོར་བའི་ཞིང་ཁམས། བསིལ་ལྡན་ས་ལའི་སྨན་གྱི་ལྗོངས་ཆེན་མོ་འདི་ཉིད་ལ་སྟོད་ལ་མངའ་རིས་བསྐོར་གསུམ། བར་ལ་དབུས་གཙང་རུ་བཞི། སྨད་ལ་མདོ་ཁམས་སྒང་དྲུག་ཞེས། མདོ་ཁམས་ཟལ་མོའི་སྒང་། ཚ་བ་རོང་གི་སྒང་། སྨར་ཁམས་ཆུ་བོའི་སྒང་། སྤོ་འབོར་རི་ཡི་སྒང་། དམར་རྫ་ཟབ་མོའི་སྒང་། མི་ཉག་རབ་ཀྱི་སྒང་ཞེས་གྲགས་པ། དབུས་གཙང་ཁམས་གསུམ་དུ་ཕྱེ་བའི་མདོ་ཁམས་ས་ཡི་ཐིག་ལེ། སྒ་བ་རུ་ཆེན་ཚོ་དྲུག་གི་ནང་ནས་སྒ་སྟོད་རིན་ཆེན་སྤུང་པའི་ས་ཁུལ། ལབ་ཀྱི་སྒྲོལ་མས་བྱིན་གྱིས་བརླབས་པའི་རྫུ་འཕྲུལ་ཕུག་གི་ཉེ་ཞོལ། ཆུ་བོ་ཆེན་པོ་འབྲི་ཀླུང་གསེར་ལྡན་དལ་གྱིས་འབབ་པའི་གཡས་ཟུར། ཡུལ་ལྷ་ཆེན་པོ་རྨ་སྲས་སྐུ་ལྷ་གཙུག་རྒྱན་ནོར་བུའི་རི་རྒྱུད། གནམ་ལ་འཁོར་ལོ་རྩེ་བརྒྱད་དང་། བར་ལ་བཀྲ་ཤིས་རྟགས་བརྒྱད། ས་ལ་པདྨ་འདབ་བརྒྱད་སོགས་ཀྱི་དགེ་མཚན་མངོན་པར་བཀྲ་ཞིང་། མཉམ་མེད་ཤཱཀྱའི་རྒྱལ་པོ་དང་ཇོ་བོ་སྨྲི་ཏི་ཛྙ་ན་སོགས་འཕགས་བོད་ཀྱི་སྐྱེས་ཆེན་དམ་པ་དུ་མས་ས་འདུལ་མཛད་ཅིང་བྱིན་གྱིས་རླབས་པའི་ཡུལ། སྒ་ལབ་ལུང་དཔལ་གྱི་ལྷ་སའི་མེ་ཏོག་གི་ཐང་ཞེས་པའི་དབུས་སུ་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་རང་བྱུང་དུ་འབྱུང་བའི་ས་གནས་ཕུན་སུམ་ཚོགས་ཤིང་། རྗེ་རྒྱལ་བ་གཉིས་པ་ཤར་ཙོང་ཁ་པ་ཆེན་པོས་ལུང་བསྟན་པའི་ས་གནས་ཕུན་སུམ་ཚོགས་པ་དེ་ནི་ལབ་ཀྱི་ཆོས་སྡེ་དགོན་པ་གང་དུ་ཕྱག་འདེབས་པའི་ཡུལ་ལོ།། དགོན་པ་འདིའི་ཕྱག་འདེབས་མཁན་ནི་རྗེ་རྒྱལ་བ་གཉིས་པ་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་གྱི་དངོས་སློབ་བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་དྲུག་གི་ནང་ཚན། བླ་མ་ཡོན་ཏན་དཔལ་བ་དེ་ཉིད་ཡིན་ལ་ཁོང་དང་རྗེ་བྱམས་ཆེན་ཆོས་རྗེ་རྣམ་གཉིས་ཀྱིས་ཕྱི་ལོ་༡༤༡༩་སྟེ་སྒྱུར་བྱེད་ཅེས་པའི་ས་ཕག་གི་ལོ་གཟའ་སྐར་ཕུན་སུམ་ཚོགས་པའི་ཉིན་དེར་ཐུགས་བསྐྱེད་དང་སྨོན་ལམ་གྲངས་མེད་བཅས་ཏེ་དབུས་ཀྱི་གདན་ས་སེ་ར་ཐེག་ཆེན་པོའི་གླིང་དང་ལབ་དགོན་ཆེན་ཆོས་སྡེ་དགོན་པ་གཉིས་གཟའ་སྐར་ཚེས་དུས་གཅིག་ལ་དུས་མཉམ་དུ་ཕྱག་བཏབ་པ་ཡིན་ནོ།། དགོན་པ་འདི་ནི་མདོ་ཁམས་ཤར་སྟོད་དུ་རྗེ་ཙོང་ཁ་པའི་རིང་ལུགས་འཛིན་པའི་དགོན་སྡེ་ཐོག་མ་དེ་ཡིན་ལ། དེ་རྗེས་སུ་ཕྱོགས་འདིར་རྗེ་ཙོང་ཁ་པའི་བསྟན་པ་འཛིན་པའི་དགོན་སྡེ་དུ་མ་དར་ཁྱབ་ཏུ་བྱུང་ཞིང་། བླ་མ་ཡོན་ཏན་དཔལ་བ་ལ་བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་ཞེས་པའི་མཚན་སྙན་དེ་ཡང་འདི་དང་འབྲེལ་ལོ།།
དགོན་པ་འདི་ཉིད་ལ་གླེང་རིན་ཡོད་པའི་སྤྱིའི་ཆགས་འཇིག་ནི།
སྤྱིར་དགོན་པ་འདི་ཡི་ཐོག་མའི་འགོ་འཛུགས་ནི་བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོའི་དུས་ཀྱི་ཕྱིས་ཙམ་ནས་བཟུང་སྟེ་ལོ་ངོ་༢༡༠༠་ལྷག་གི་སྔ་རོལ་ཏེ་ཕྱི་ལོའི་སྔོན་གྱི་ལོ་བརྒྱ་ཕྲག་ཙམ་གྱི་སྔོན་ནས་ཏེ་ཕལ་ཆེར་ལོ་༢༡༠༠་ལྷག་གི་ལོ་རྒྱུས་ཡུན་རིང་ལ། དེ་ཡང་ཐོག་མ་བོན་པོའི་དགོན་པ་ཞིག་ཡོད་པ་དགོན་སྡེ་དག་གི་གནའ་ཤུལ་དང་རྡོ་རྐོས་ཡི་གེ གཞན་ཡང་ཡུལ་དེའི་རྒན་རབས་རྣམས་ཀྱི་ངག་རྒྱུན་ལོ་རྒྱུས་ལས་ཤིན་ཏུ་གསལ་ལ་ལབ་དགོན་པའི་ཆོས་འབྱུང་དུའང་ཁུངས་དང་བཅས་དེ་ལྟར་འཁོད་ཡོད། དེ་ནས་རིམ་གྱིས་ཆོས་ལུགས་དང་དུས་འགྱུར་གྱི་སྤྱིའི་འགྲོས་དང་བསྟུན་ནས་འབྲི་གུང་གདན་རབས་གསུམ་པ་དབོན་བསོད་ནམས་གྲགས་པ་དང་། གདན་རབས་ལྔ་བ་གཅུང་རྡོ་རྗེ་གྲགས་པ་དག་གི་སྐབས་སུ་འབྲི་གུང་བཀའ་བརྒྱུད་པའི་ལུགས་སུ་འགྱུར་ཡོད་པ་དང་། དེ་ནས་རིམ་གྱིས་སྒ་ཨ་མྱེ་དམ་པའི་སྐུ་དུས་སུ་དགོན་སྡེ་འདི་དཔལ་ས་སྐྱ་བའི་ལུགས་སུ་གནས་པ་དང་། དེ་ནས་རིམ་གྱིས་ཕྱི་ལོ་༡༤༡༩་ཡི་ལོར་རྗེ་ཙོང་ཁ་ཆེན་པོའི་དངོས་སློབ་འདན་མ་ཡོན་ཏན་དཔལ་བ་ཕྱོགས་འདིར་ཕེབས་ནས་དགོན་པ་འདི་ཉིད་དཔལ་མཉམ་མེད་རི་བོ་དགེ་ལུགས་པའི་རིང་ལུགས་སུ་བསྒྱུར་ཞིང་ཕྱག་བཏབ་པ་ནས་བཟུང་མདོ་ཁམས་ཤར་སྟོད་དུ་རྗེ་བླ་མའི་རིང་ལུགས་དྲི་མ་མེད་པ་དར་ཁྱབ་ཏུ་བྱུང་བ་ནི་ལོ་རྒྱུས་ཡུན་རིང་ལ་ཆེས་རླབས་ཆེ་བའི་འཕེལ་རྒྱས་ཞིག་ཡིན་ལ། དེ་ནས་རིག་གནས་གསར་བརྗེ་ཆེན་པོས་རླུང་འཚུབ་གཡོར་བ་ལས་བོད་ལྗོངས་སྤྱི་མཚུངས་ལྟར་ཕྱི་ལོ་༡༩༥༨་ནས་གཏོར་བཤིག་ཚབ་ཆེན་ཐེབས་ནས་བསྟན་པ་འཛིན་པའི་སྐྱེས་ཆེན་དམ་པ་རྣམས་དང་། གྲངས་མང་ལ་རིན་ཐང་ཤིན་ཏུ་ཆེ་བའི་གཙུག་ལག་ཁང་དང་ལྷ་རྟེན་གསུང་རབ་སོགས་སྲིད་ན་རྙེད་པར་དཀའ་བ་གྲངས་ལས་འདས་པ་ཞིག་ཐོར་ཡལ་དུ་སོང་བ་ནི། དགོན་པ་འདི་ལ་ཧ་ཅང་ཉམས་ཉེས་པའི་གྱོང་གུད་ཆེན་པོ་ཞིག་ཡིན། དེ་ལྟར་དགོན་པ་འདི་ནི་དང་ཐོག་བོན་པོའི་དགོན་པ་དང་། དེ་ནས་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་འཛིན་པ་དང་། དེ་ནས་རིམ་གྱིས་བཀའ་བརྒྱུད་དང་དགེ་ལུགས་པའི་རིང་ལུགས་འཛིན་པའི་དགོན་སྡེ་ཞིག་ཏུ་གྱུར་ཡོད་ལ། ལབ་ཆོས་འབྱུང་ལས་ཀྱང་དེ་ན་ལབ་དགོན་པ་ལོ་རྒྱུས་འཕེལ་རིམ་གྱི་དུས་སྐབས་བསྡོམས་ན་རྫ་མཁན་དགོན་པ་ནི་ཕལ་ཆེར་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་ཁྲི་སྲོང་ལྡེ་བཙན་གྱི་བར་དང་། བྲག་རྩ་དགོན་པ་ནི་བསྟན་པ་སྔ་དར་ནས་བསྟན་པ་ཕྱི་དར་འགོ་མ་ཚུགས་པའི་བར་དང་། ལབ་ཆོས་སྡེ་དགོན་ནི་བསྟན་པ་ཕྱི་དར་འགོ་ཚུགས་པ་ནས་ཞྭ་སེར་བསྟན་པ་མ་དར་གོང་། ཞེས་གསལ་ལོ།།
ལབ་དགོན་པའི་ཁྲི་རབས་དང་མཁན་རབས་ཀྱི་བྱུང་བ་ནི།
ཕལ་ཆེར་ལོ་༢༡༠༠་ལྷག་གི་བྱུང་རིམ་ལ་བསམ་ཞིབ་བྱས་ན། མཁན་རབས་དང་ཁྲི་རབས་དུ་མ་ཞིག་ཡོད་པར་དཔག་ནུས་མེད་ཀྱི། འོན་ཀྱང་སྔོན་བྱུང་གི་མཁན་ཁྲི་རིམ་བྱུང་གི་མཛད་རྣམ་ལོ་རྒྱུས་རྣམས་ཡི་གེར་མ་འཁོད་ཅིང་། ངག་རྒྱུན་གྱི་ཡུལ་ལས་ཀྱང་འདས་ནས་འདིར་བརྗོད་ཐབས་བྲལ་བར་གྱུར་འདུག་ལ། འདིར་ཕྱིས་འབྱུང་གི་ཁྲི་རབས་དང་མཁན་རབས་རིམ་པའི་མཛད་རྣམ་ཅུང་ཙམ་བརྗོད་ན། ལབ་ཆོས་འབྱུང་དུ་གསལ་བ་བཞིན་ལབ་དགོན་པའི་ཁྲི་རབས་དང་པོ་ནི། ལབ་སྐྱབས་མགོན་སྐུ་ཕྲེང་བཅུ་གཉིས་པ་དཔལ་དབང་ཆེན་གར་གྱི་དབང་ཕྱུག་དགྱེས་རབ་རྡོ་རྗེ་ཡིན་ལ། འདི་པ་ནི་གདན་ས་སེ་ར་སོགས་སུ་སྐྱེས་ཆེན་དམ་པ་དུ་མ་ལ་བསྟེན་ནས། མཁས་གྲུབ་གཉིས་ལྡན་གྱི་རྩོད་མེད་མ་ཧ་པཎྜིཏ་ཆེན་པོ་ཞིག་ཡིན་ལ། ཁོང་ནི་རྒྱ་ནག་གོང་མའི་དབུ་བླར་ཕེབས་ཅིང་མཛད་འཕྲིན་མཁའ་ལས་ཡངས། རྒྱ་བོད་ཧོར་གསུམ་གྱི་གདུལ་བྱའི་སྐྱེ་བོ་དཔག་ཏུ་མེད་པ་ལ་བཀའ་དྲིན་གྱི་ཕུང་པོ་གཞལ་ཐབས་བྲལ་ཞིང་ཐུབ་པའི་བསྟན་པ་རིན་པོ་ཆེ་སྤྱི་དང་བྱེ་བྲག་རྗེ་རྒྱལ་བ་གཉིས་པའི་བསྟན་པ་ལ་མཛད་རྗེས་བླ་མེད་དུ་ཆེ་བ་དང་། དམ་པ་འདི་ཡི་སྐབས་སུ་མདོ་ཁམས་ཤར་སྟོད་དུ་ཐུབ་བསྟན་སྤྱི་དང་ཁྱད་པར་རྗེ་བླ་མའི་རིང་ལུགས་འཛིན་པའི་ལབ་དགོན་པའི་འཁོར་ཡན་ལག་རྩ་ལྔ་ལ་སོགས་པ་རྣམས་བྱུང་ཞིང་། ལབ་དགོན་དུ་ཡང་བཤད་སྒྲུབ་འཆད་ཉན་དང་ལྷ་ཁང་རྟེན་གསུམ་སོགས་བསམ་ཡུལ་ལས་འདས་པ་བཞེང་བསྐྲུན་མཛད་ཅིང་། སྤྱིར་སྟངས་རྒྱ་བོད་སོག་གསུམ་དང་ཁྱད་པར་མདོ་ཁམས་ཕྱོགས་ཀྱི་བསྟན་པ་དང་འགྲོ་བ་ཡོངས་ལ་མཛད་རྗེས་བླ་ན་མེད་པའི་སྐྱེས་ཆེན་དམ་པ་ཞིག་སྟེ་རྒྱས་པ་རྣམ་ཐར་ལོ་རྒྱུས་གཞན་ལས་ཤེས་པ་བྱའོ།།
ཁྲི་རབས་གཉིས་པ་ནི། ཁྲི་རྒན་དྲོ་རྗེ་འཆང་ཐུབ་བསྟན་ངག་དབང་བློ་བཟང་རབ་ཡངས་སྟེ། འདི་ནི་བསྟན་རྒྱས་རིན་པོ་ཆེའི་སྐུ་སྐྱེ་བདུན་པ་ཡིན་ལ། འདི་པ་ནི་རྒྱ་ནག་མ་ཎིའི་ཉེ་འཁྲིས་ཀྱི་སེང་ཟེའུ་གྲོང་དུ་ཡབ་ཆོས་རྒྱལ་དང་ཡུམ་མོ་ལོ་གཙང་པ་ཚང་གི་སྲས་མོ་གཟུངས་སྐྱིད་གཉིས་ཀྱི་སྲས་སུ། རབ་བྱུང་བཅོ་ལྔ་པའི་མེ་རྟ་སྤྱི་ལོ་༡༩༠༦་ལོར་སྐུ་བལྟམས། དགུང་ལོ་བཅུ་གསུམ་ཐོག་དབུས་ཀྱི་གདན་ས་སེ་རར་ཕེབས། ཡོངས་འཛིན་ངག་དབང་ཕུན་ཚོགས། རྗེ་ཕ་བོང་ཁ་བྱམས་པ་བསྟན་འཛིན་འཕྲིན་ལས་སོགས་མཁས་གྲུབ་ཀྱི་སྐྱེས་བུ་དུ་མ་ལ་བསྟེན། གདན་སའི་དགེ་བཤེས་ཀྱི་མཚན་བཞེས་གནང་། མཁས་པ་དང་གྲུབ་པའི་གོ་འཕང་མཐོན་པོ་ལ་གཤེགས། ཁྱད་པར་དུ་དཔལ་དུས་ཀྱི་འཁོར་ལོའི་ཉམས་ལེན་ལ་ཤིན་ཏུ་མཁས་ཤིང་། མདོ་ཁམས་ཕྱོགས་སུ་ཡང་དུས་ཀྱི་འཁོར་དབང་ཆེན་གནང་བ་སོགས་བསྟན་འགྲོའི་དོན་རྒྱ་ཆེན་བསྐྱངས་ཞིང་ཞི་བར་གཤེགས་པའི་དུས་སུ་ཡང་སྐུ་འཇའ་ལུས་སུ་གཤེགས་པའི་བླ་མ་ཞིག་སྟེ། རྣམ་ཐར་རྒྱས་པར་གཞན་ལས་ཤེས་པ་བྱ་ཞིང་འོག་ཏུའང་ཅུང་ཟད་བཤད་དོ།།
ཁྲི་རབས་གསུམ་པ། ཁྲི་ཆེན་འཇམ་དཔལ་རིན་འཛིན་མཆོག་གྲུབ་རྡོ་རྗེ་སྟེ། ལབ་མཁའ་ལྡིང་སྐུ་སྐྱེ་གསུམ་པ་ཡིན་ལ། འདི་པ་ནི་ལབ་ཀྱི་ཆོས་ལུང་གྲོང་དུ། ཡབ་བློ་བཟང་བཀྲ་ཤིས་དང་ཡུམ་འབྲུག་སྐྱེས་གཉིས་ཀྱི་སྲས་སུ་༡༩༡༤་ལོར་ཡ་མཚན་དང་བཅས་ཏེ་སྐུ་བལྟམས། ཡོངས་འཛིན་ངག་དབང་ཟླ་གྲགས་སོགས་ལ་བསྟེན་ནས་མཁས་ཤིང་གྲུབ་པའི་གོ་འཕང་བསྙེས། ཕྱི་ལོ་༡༩༤༤་ལོར་ལབ་ཁྲི་བའི་གསེར་ཁྲི་ལ་ཞབས་པད་བཀོད་དེ་ལོ་ཡུན་གསུམ་གྱི་རིང་ལབ་ཁྲི་བའི་ཕྱག་ལས་གནང་ཞིང་འདི་པ་ཡང་ཞིང་གཞན་དུ་གཤེགས་པའི་སྐབས་སུ་འཇའ་ལུས་སུ་གཤེགས་པའི་སྐྱེས་ཆེན་དམ་པ་ཞིག་གོ།
ཁྲི་རབས་བཞི་བ། ཁྲི་ཆེན་རྡོ་རྗེ་འཆང་རྗེ་བཙུན་ཐུབ་བསྟན་འཇམ་དབྱངས་བློ་གྲོས་རིན་ཆེན་ཏེ། ཡོངས་གྲགས་སུ་ཁྲི་བ་རིན་པོ་ཆེ་ལ་ལབ་ཁྲི་ཆེན་བསོད་ནམས་རྩེ་མོ་ཞེས་འབོད། འདི་པའི་སྐྱེ་ཕྲེང་རྣམས་ནི་ས་ཆེན་བསོད་ནམས་རྩེ་མོའི་སྐུ་སྐྱེ་དང་། ཁྲི་བ་རིན་པོ་ཆེ་ནི་ལབ་བསོད་ནམས་རྩེ་མོའི་སྐུ་ཕྲེང་བརྒྱད་པ་དེ་ཡིན་ལ། ཡབ་ལབ་སྐྱབས་མགོན་སྐུ་ཕྲེང་བཅུ་གསུམ་པ་འཇམ་དབྱངས་བློ་བཟང་རྒྱ་མཚོ་དང་། ཡུམ་ལྷ་སའི་སྐུ་ལྕམ་ཕག་མོ་གཉིས་ཀྱི་སྲས་སུ། རབ་བྱུང་བཅོ་ལྔའི་ལྕགས་སྤྲེལ་ཕྱི་ལོ་༡༩༢༠་གནས་མཆོག་བདེ་ཆེན་ཕུག་ཏུ་རྟགས་མཚན་བཟང་པོ་དུ་མ་དང་བཅས་སྐུ་བལྟམས། རྒྱལ་མཆོག་ཐུབ་བསྟན་རྒྱ་མཚོ་དང་ས་སྐྱའི་བདག་ཆེན་རྣམ་གཉིས་ཀྱིས་སྤྲུལ་སྐུའི་ངོས་འཛིན་གནང་། དགུང་ལོ་ལྔ་ནས་བཟུང་ཡོངས་འཛིན་ཡོན་ཏན་བཟང་པོ་དང་ཡོངས་འཛིན་ཀ་བཞི་དཀོན་མཆོག་བསྟན་འཕེལ། ཁྲེས་སོ་ཤེས་རབ་བཟང་པོ་སོགས་མཁས་གྲུབ་ཀྱི་བཤེས་གཉེན་དུ་མ་ལ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པ་གསན་སྦྱངས་མཛད་དེ་མཁས་པའི་ཕ་མཐར་ཕྱིན། དགུང་ལོ་ཉེར་གསུམ་གྱི་སྐབས་ལབ་ཀྱི་ཁྲི་བའི་གསེར་ཁྲི་ལ་འཁོད། ལབ་ཀྱི་ཁྲི་བའི་ཕྱག་ལས་ཡུན་རིང་དུ་མཛད་ཅིང་ལབ་དགོན་སྡེ་གཉིས་འཛིན་སྐྱོང་ཡུན་རིང་གནང་། དེ་ནས་གཅིག་སྟོང་དགུ་བརྒྱ་ལྔ་བཅུ་ང་བརྒྱད་ནས་ཉེས་མེད་བཙོན་འཇུག་བྱས་ཏེ་ལོ་ཉི་ཤུ་ལྷག་གི་རིང་བཙོན་ཁང་དུ་བཞུགས་དགོས་བྱུང་ཡང་བསླབ་སྡོམ་མིག་འབྲས་བཞིན་དུ་སྲུང་ཞིང་ཁྲི་མུན་ཚུལ་ཁྲིམས་ཀྱི་དྲི་ངད་འཐུལ་བ་དང་རྒྱུན་གྱི་དགེ་སྦྱོར་གྱི་ཉམས་ལེན་རྣམས་ཀྱང་མ་ཆད་པར་ཉམས་ཐག་སེམས་ཅན་དུ་མ་ལ་སྨན་སྦྱིན་མཛད་པ་སོགས་རྐྱེན་ངན་བྱང་ཆུབ་ལམ་བསྒྱུར་གྱི་རྒྱལ་སྲས་ཀྱི་སྤྱད་པ་བྱ་དཀའ་བ་དུ་མ་ཉམས་བཞེས་གནང་ཏེ་སྐྱེ་བོ་འདུལ་དཀའ་བ་རྣམས་ཀྱང་དད་པའི་ས་ལ་བཀོད་པ་སོགས་མཛད་བཟང་དཔག་ཏུ་མེད་པ་བསྐྱངས་། སླར་ཡང་ཕྱི་ལོ་༡༩༧༩་ལོ་བཙན་གྲོལ་ཐོབ་སྟེ་ལབ་དགོན་པའི་གསེར་ཁྲི་པར་མཛད་དེ་ལབ་དགོན་པའི་ཆོས་སྲིད་སླར་གསོ་མཛད་པ་སོགས་མཛད་རྗེས་ཤིན་ཏུ་ཆེ། སྒ་སྐྱེ་དགུ་དང་ཟི་ཁྲོན་གྱི་རྫ་ཆུ་ཁ་བ་སོགས་ཀྱི་དགོན་སྡེ་ཕལ་ཆེ་བའི་སྤྲུལ་སྐུ་རྣམས་ངོས་འཛིན་བྱེད་པོ་དང་། རབ་བྱུང་རྣམས་ཀྱི་མཁན་སློབ། སྡེ་བ་རྣམས་ཀྱི་བླ་མར་གྱུར་པ་སོགས་མཛད་རྗེས་ཤིན་ཏུ་ཆེ་བས་རྒྱས་པ་རྣམ་ཐར་གཞན་ལས་ཤེས་པ་བྱའོ།། ཁྲི་རབས་ལྔ་པ་ནི། ཁྲི་ཆེན་འཇམ་དཔལ་བསོད་ནམས་མཐུ་སྟོབས་དཔལ་འབར་ཏེ། ལབ་མཁའ་ལྡིང་སྐུ་ཕྲེང་བཞི་པ་ཡིན་ལ། ཡབ་གསེར་གླིང་པདྨ་དབང་མཆོག་རྒྱལ་པོ་དང་། ཡུམ་ཆེན་དབྱངས་འཛོམ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། ཁྲི་ཆེན་རྡོ་རྗེ་འཆང་རྗེ་བཙུན་བསོད་ནམས་རྩེ་མོ་མཆོག་གིས་མཁའ་ལྡིང་གོང་མའི་ཡོངས་སྲིད་དང་ལབ་ཀྱི་ཁྲི་བར་མངའ་གསོ་མཛད་ཅིང་། ཁྲི་ཆེན་རྡོ་རྗེ་འཆང་ཞི་བར་གཤེགས་པའི་རྗེས་སུ་ཡང་ཡུན་རིང་པོའི་བར་དུ་ལབ་ཀྱི་ཁྲི་བའི་ལས་ཁུར་མཛད་ཅིང་ལབ་དགོན་སྡེ་ཡོངས་ལ་དཀའ་དྲིན་ཤིན་ཏུ་ཆེ་བའི་བླ་མ་ཞིག་ཡིན་ནོ།།
ལབ་ཀྱི་བླ་སྤྲུལ་བཅོ་ལྔ་ནི།
དང་པོ་ལབ་སྐྱབས་མགོན་སྐུ་ཕྲེང་རིམ་པ་ནི། འདིར་མཚན་ཙམ་སྨོས་ན་རྣམ་ཐར་གསོལ་འདེབས་སུ་སྐུ་ཕྲེང་བཞི་བཅུ་ཙམ་གསལ་ལ། འདིར་ལབ་དགོན་ཕྱག་འདེབས་པ་པོ་འདན་མ་ཡོན་ཏན་དཔལ་ནས་རྩིས་ན། སྐུ་ཕྲེང་དང་པོ་འདན་མ་ཡོན་ཏན་དཔལ་བ། སྐུ་ཕྲེང་གཉིས་པ་བློ་གྲོས་ལེགས་པ། སྐུ་ཕྲེང་གསུམ་པ་ཡེ་ཤེས་བཟང་པོ། སྐུ་ཕྲེང་བཞི་པ་ཆོས་སྐྱོང་བཟང་པོ་ལོ་རྒྱུས་འགའ་ཞིག་ཏུ་ཆོས་སྐྱོང་རྒྱ་མཚོ་ཞེས་ཀྱང་གསལ། སྐུ་ཕྲེང་ལྔ་པ་བློ་གྲོས་རྒྱ་མཚོ། སྐུ་ཕྲེང་དྲུག་པ་ངག་དབང་གྲགས་པ། སྐུ་ཕྲེང་བདུན་པ་འཕགས་མཆོག་འཕྲིན་ལས་དབང་རྒྱལ། སྐུ་ཕྲེང་བརྒྱད་པ་བློ་བཟང་མཁས་གྲུབ། སྐུ་ཕྲེང་དགུ་པ་བློ་བཟང་དོན་འགྲུབ། སྐུ་ཕྲེང་བཅུ་པ་མདོ་རྒྱུད་རྒྱ་མཚོ། སྐུ་ཕྲེང་བཅུ་གཅིག་པ་འདུལ་འཛིན་དཔལ་འབྱོར་རྒྱལ་མཚན། སྐུ་ཕྲེང་བཅུ་གཉིས་པ་དབང་ཆེན་དགྱེས་རབ་རྡོ་རྗེ། སྐུ་ཕྲེང་བཅུ་གསུམ་པ་འཇམ་དབྱངས་བློ་བཟང་རྒྱ་མཚོ། སྐུ་ཕྲེང་བཅུ་བཞི་པ་བློ་བཟང་འཇིགས་མེད་བསྟན་འཛིན་རྒྱ་མཚོ། སྐུ་ཕྲེང་བཅོ་ལྔ་པ་བསྟན་འཛིན་ཡོན་ཏན་མགོན་པོ་བཅས་དམ་པའི་སྐྱེ་ཕྲེང་བཅོ་ལྔ་ཙམ་བྱོན་ལ། དེ་དག་གི་མཛད་རྣམ་རྒྱས་པར་གཞན་ལས་ཤེས་པར་བྱའོ།། ལབ་སྐྱབས་མགོན་གྱི་སྐྱེ་ཕྲེང་ཆོས་སྐྱོང་རྒྱ་མཚོ་དང་བློ་གྲོས་རྒྱ་མཚོ་གཉིས་ནི་རིམ་པ་བཞིན་དགའ་ལྡན་གསེར་ཁྲི་བཅུ་དྲུག་པ་དང་སུམ་བཅུ་པར་ཕེབས་པ་ཁལ་ཁ་འདར་པའི་རྣམ་ཐར་དུ་གསལ་བ་སྟེ། འདར་པའི་རྣམ་ཐར་ལས། རྗེ་བདག་ཉིད་ཆེན་པོའི་དངོས་སློབ་བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་པཎ་ཊི་ཏ་ཆེན་པོ་དྲུག་གི་ནང་ཚན་མཁན་ཆེན་ཡོན་ཏན་དཔལ་སྐུ་ཚེ་དེར་ལབ་དགོན་པ་བཏབ། དགའ་ལྡན་གསེར་ཁྲི་བ་རྒྱ་ར་ཆོས་སྐྱོང་རྒྱ་མཚོ། ཁྲི་ཆེན་སྟག་ལུང་པ་བློ་གྲོས་རྒྱ་མཚོ།འཕགས་མཆོག་འཕྲིན་ལས་དབང་རྒྱལ། པཎ་ཆེན་མདོ་རྒྱུད་རྒྱ་མཚོ། འདུལ་འཛིན་དཔལ་འབྱོར་རྒྱལ་མཚན་སོགས་སྐུ་ཡི་རྣམ་རོལ་མཐའ་ཡས་པས་བསྟན་འགྲོའི་དོན་དཔག་པར་དཀའ་བར་མཛད་ཅིང་། སྐུ་ཚེ་འདིར་རྡོ་རྗེ་འཆང་བླ་མ་དོན་གྱི་སླད་དུ་མཚན་ནས་སྨྲོས་ཏེ་རྗེ་བཙུན་བློ་བཟང་བསྟན་པ་ཆོས་འཕེལ་ཡོངས་གྲགས་ཀྱི་མཚན་དབང་ཆེན་དགྱེས་རབ་རྡོ་རྗེ་ཞེས་སོགས་གསུངས་སོ།། གཞན་ཡང་གསེར་ཁྲི་བཅུ་པ་འདན་མ་ཡེ་ཤེས་བཟང་པོ་ཡང་ལབ་སྐྱབས་མགོན་གྱི་སྐྱེ་ཕྲེང་ཉེར་བརྒྱད་པ་ཡེ་ཤེས་བཟང་པོ་འདི་ཉིད་ལ་ངོས་འཛིན་ཚུལ་ཡོད་པ་དང་། ཡང་ལབ་སྐྱབས་མགོན་གྱི་སྐུ་ཕྲེང་སྒ་ཨ་མྱེ་དམ་པ་དང་། མཁན་ཆེན་ཡོན་ཏན་དཔལ་བ་དང་། དབང་ཆེན་དགྱེས་རབ་རྡོ་རྗེ་རྣམས་ནི་རྒྱ་ནག་གོང་མའི་དབུ་བླར་ཕེབས་པ་སོགས་ལབ་སྐྱབས་མགོན་གྱི་སྐྱེ་ཕྲེང་རྣམས་ནི་མཁས་བཙུན་བཟང་གསུམ་མམ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཤ་སྟག་ཕེབས་སོ།།
གཉིས་པ་ལབ་མཁན་ཆེན་སྐུ་ཕྲེང་རིམ་པ་ནི། འདིར་མཚན་ཙམ་སྨོས་ན། སྐུ་ཕྲེང་དང་པོ་འཇམ་དབྱངས་གྲགས་པ། སྐུ་ཕྲེང་གཉིས་པ་དཔལ་ལྡན་ཚུལ་ཁྲིམས། སྐུ་ཕྲེང་གསུམ་པ་རྗེ་བཙུན་ངག་དབང་ཤཱཀྱ། སྐུ་ཕྲེང་བཞི་པ་ཆོས་ཉིད་ཡེ་ཤེས། སྐུ་ཕྲེང་ལྔ་པ་རྗེ་ངག་དབང་ཕྱོགས་ལས་རྣམ་རྒྱལ། སྐུ་ཕྲེང་དྲུག་པ་རྗེ་བློ་བཟང་དོན་ལྡན། སྐུ་ཕྲེང་བདུན་པ་རྗེ་ཡེ་ཤེས་བསྟན་པ་དར་རྒྱས། སྐུ་ཕྲེང་བརྒྱད་པ་ཐུབ་བསྟན་འཇམ་དབྱངས་ཉི་མ་ཕྱོགས་ལས་རྣམ་རྒྱལ། སྐུ་ཕྲེང་དགུ་པ་ཐུབ་བསྟན་འཇམ་དབྱངས་ཉི་མ་འཇིགས་མེད་རྣམ་རྒྱལ། སྐུ་ཕྲེང་བཅུ་པ་བློ་བཟང་འཇམ་དབྱངས་ཐུབ་བསྟན་ཉི་མ་བཅས་དམ་པའི་སྐྱེ་ཕྲེང་བཅུ་ཙམ་བྱོན་པ་རྣམས་ཀྱི་རྣམ་ཐར་རྒྱས་པ་གཞན་ལས་ཤེས་པར་བྱའོ།།
གསུམ་པ་ལབ་བསྟན་རྒྱས་སྐུ་ཕྲེང་རིམ་པ་ནི། འདིར་མཚན་ཙམ་སྨོས་ན། སྐུ་ཕྲེང་དང་པོ་བསོད་ནམས་དབང་ཕྱུག སྐུ་ཕྲེང་གཉིས་པ་བསྟན་པའི་རྒྱལ་མཚན། སྐུ་ཕྲེང་གསུམ་པ་ཡེ་ཤེས་བསྟན་དར། སྐུ་ཕྲེང་བཞི་པ་ངག་དབང་བློ་བཟང་བསྟན་རྒྱས། སྐུ་ཕྲེང་ལྔ་པ་ཡེ་ཤེས་བསྟན་པ་རྒྱ་མཚོ། སྐུ་ཕྲེང་དྲུག་པ་ངག་དབང་བློ་བཟང་བསྟན་འཛིན། སྐུ་ཕྲེང་བདུན་པ་ཐུབ་བསྟན་ངག་དབང་བློ་བཟང་རབ་ཡངས། སྐུ་ཕྲེང་བརྒྱད་པ་བློ་བཟང་ཐུབ་བསྟན་རྒྱལ་མཚན་གྱི་བར་སྐྱེ་ཕྲེང་བརྒྱད་ཙམ་བྱོན་པ་རྣམས་ཀྱི་མཛད་རྣམ་རྒྱས་པ་གཞན་ལས་ཤེས་པར་བྱའོ།།
བཞི་པ་ལབ་བསོད་ནམས་རྩེ་མོའི་སྐུ་ཕྲེང་རིམ་པ་ནི། འདིར་མཚན་ཙམ་སྨོས་ན། སྐུ་ཕྲེང་དང་པོ་བསོད་ནམས་འཕགས་མཆོག་བསྟན་པའི་རྒྱལ་མཚན། སྐུ་ཕྲེང་གཉིས་པ་སྐལ་བཟང་རྒྱལ་མཚན། སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱལ་བ་ཡེ་ཤེས། སྐུ་ཕྲེང་བཞི་པ་ཨོ་གོན་བསོད་ནམས་དཔལ། སྐུ་ཕྲེང་ལྔ་པ་བློ་བཟང་དོན་འགྲུབ། སྐུ་ཕྲེང་དྲུག་པ་མཚན་མི་གསལ། སྐུ་ཕྲེང་བདུན་པ་སྐལ་བཟང་འཕྲིན་ལས་ལྷུན་འགྲུབ། སྐུ་ཕྲེང་བརྒྱད་པ་ཐུབ་བསྟན་འཇམ་དབྱངས་བློ་གྲོས་རིན་ཆེན། སྐུ་ཕྲེང་དགུ་པ་བསྟན་འཛིན་འཇམ་དབྱངས་བློ་གྲོས་ཀྱི་བར་སྐྱེ་ཕྲེང་དགུ་ཙམ་བྱོན་པ་རྣམས་ཀྱི་མཛད་རྣམ་རྒྱས་པ་གཞན་ལས་ཤེས་པར་བྱའོ།།
ལྔ་པ་ལབ་མཁའ་ལྡིང་སྐུ་ཕྲེང་རིམ་པ་ནི། འདིར་མཚན་ཙམ་སྨྲོས་ན། སྐུ་ཕྲེང་དང་པོ་འཇམ་དཔལ་ཡེ་ཤེས་བསོད་ནམས་རྣམ་རྒྱལ། སྐུ་ཕྲེང་གཉིས་པ་མཁའ་ལྡིང་ནམ་མཁའ་རྡོ་རྗེ། སྐུ་ཕྲེང་གསུམ་པ་འཇམ་དཔལ་རིག་འཛིན་མཆོག་གྲུབ་རྡོ་རྗེ། སྐུ་ཕྲེང་བཞི་པ་འཇམ་དཔལ་བསོད་ནམས་མཐུ་སྟོབས་དཔལ་འབར་གྱི་བར་སྐྱེ་ཕྲེང་བཞི་ཙམ་བྱོན་པ་རྣམས་ཀྱི་རྣམ་ཐར་རྒྱས་པ་གཞན་ལས་ཤེས་པར་བྱའོ།།
དྲུག་པ་ལབ་ཡོངས་འཛིན་རིན་པོ་ཆེའི་སྐུ་ཕྲེང་རིམ་པ་ནི། སྐུ་ཕྲེང་དང་པོ་ངག་དབང་ཕུན་ཚོགས། སྐུ་ཕྲེང་གཉིས་པ་འཇམ་དཔལ་ངག་དབང་མཁྱེན་རབ་རབ་རྒྱས། སྐུ་ཕྲེང་གསུམ་པ་ཐུབ་བསྟན་ཚེ་རིང་བཅས་སྐྱེ་ཕྲེང་གསུམ་ཙམ་བྱོན་པ་རྣམས་ཀྱི་རྣམ་ཐར་རྒྱས་པ་གཞན་ལས་ཤེས་པར་བྱའོ།།
བདུན་པ་ལབ་གྲུབ་ཆེན་མཆོག་སྤྲུལ་རིན་པོ་ཆེའི་སྐུ་ཕྲེང་རིམ་པ་ནི། སྐུ་ཕྲེང་དང་པོ་གྲུབ་ཆེན་དགེ་ལེགས་རྒྱལ་མཚན། སྐུ་ཕྲེང་གཉིས་པ་བློ་བཟང་ཐུབ་བསྟན་ཆོས་འབྱོར་རབ་རྒྱས། སྐུ་ཕྲེང་གསུམ་པ་འཇམ་དབྱངས་མཁྱེན་རབ་དགེ་ལེགས་རབ་རྒྱས་བཅས་སྐྱེ་ཕྲེང་གསུམ་ཙམ་བྱོན་པ་རྣམས་ཀྱི་རྣམ་ཐར་རྒྱས་པ་གཞན་ལས་ཤེས་པར་བྱའོ།།
བརྒྱད་པ་ལབ་གསེར་ཀོང་མཆོག་སྤྲུལ་རིན་པོ་ཆེའི་སྐུ་ཕྲེང་རིམ་པ་ནི། སྐུ་ཕྲེང་དང་པོ་ངག་དབང་ཚུལ་ཁྲིམས་དོན་ལྡན། སྐུ་ཕྲེང་གཉིས་པ་འཇམ་དཔལ་བསོད་ནམས་དགེ་ལེགས་རྣམ་རྒྱལ། སྐུ་ཕྲེང་གསུམ་པ་བསོད་ནམས་བསྟན་འཛིན་བཅས་སྐྱེ་ཕྲེང་གསུམ་ཙམ་བྱོན་པ་རྣམས་ཀྱི་རྣམ་ཐར་རྒྱས་པ་གཞན་ལས་ཤེས་པར་བྱའོ།།
དགུ་པ་ལབ་བྱང་རྒྱམ་མཆོག་སྤྲུལ་རིན་པོ་ཆེའི་སྐུ་ཕྲེང་རིམ་པ་ནི། སྐུ་ཕྲེང་དང་པོ་བྱང་ཆུབ་རྒྱལ་མཚན། སྐུ་ཕྲེང་གཉིས་པ་འཇམ་དཔལ་ཡེ་ཤེས་བསོད་ནམས་རྒྱལ་མཚན་བཅས་སྐྱེ་ཕྲེང་གཉིས་ཙམ་བྱོན་པ་རྣམས་ཀྱི་རྣམ་ཐར་རྒྱས་པ་གཞན་ལས་ཤེས་པར་བྱའོ།།
བཅུ་པ་ལབ་ཚེ་འབར་མཆོག་སྤྲུལ་རིན་པོ་ཆེའི་སྐུ་ཕྲེང་རིམ་པ་ནི། སྐུ་ཕྲེང་དང་པོ་བློ་བཟང་འཇམ་དབྱངས་འཕྲིན་ལས་རྒྱ་མཚོ། སྐུ་ཕྲེང་གཉིས་པ་ཐུབ་བསྟན་ཆོས་འཛིན་མཐུ་སྟོབས་རྣམ་རྒྱལ། སྐུ་ཕྲེང་གསུམ་པ་བློ་བཟང་བསྟན་འཛིན་དར་རྒྱས་བཅས་སྐྱེ་ཕྲེང་གསུམ་ཙམ་བྱོན་པ་རྣམས་ཀྱི་རྣམ་ཐར་རྒྱས་པ་གཞན་ལས་ཤེས་པར་བྱའོ།།
བཅུ་གཅིག་པ་ལབ་གསེར་གླིང་སྐུ་ཕྲེང་རིམ་པ་ནི། སྐུ་ཕྲེང་དང་པོ་འཇམ་དབྱངས་འཇིགས་མེད་རིག་པའི་རལ་གྲི། སྐུ་ཕྲེང་གཉིས་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས། སྐུ་ཕྲེང་གསུམ་པ་པད་མ་དབང་མཆོག་རྒྱལ་པོ་བཅས་སྐྱེ་ཕྲེང་གསུམ་ཙམ་བྱོན་པ་རྣམས་ཀྱི་རྣམ་ཐར་རྒྱས་པ་གཞན་ལས་ཤེས་པར་བྱའོ།།
བཅུ་གཉིས་པ་ལབ་མཁན་སྤྲུལ་རིན་པོ་ཆེའི་སྐུ་ཕྲེང་རིམ་པ་ནི། སྐུ་ཕྲེང་དང་པོ་རིན་ཆེན་སེང་གེ། སྐུ་ཕྲེང་གཉིས་པ་འཇམ་དཔལ་འཇམ་དཔལ་བསོད་ནམས་སེང་གེ་བཅས་སྐྱེ་ཕྲེང་རྣམས་ཀྱི་རྣམ་ཐར་རྒྱས་པ་གཞན་ལས་ཤེས་པར་བྱའོ།།
བཅུ་གསུམ་པ་ལབ་ཨ་བརྟན་མཆོག་སྤྲུལ་སྐུ་ཕྲེང་རིམ་པ་ནི། སྐུ་ཕྲེང་དང་པོ་ཨ་བརྟན་བླ་མ། སྐུ་ཕྲེང་གཉིས་པ་བསོད་ནམས་རབ་རྒྱས། སྐུ་ཕྲེང་གསུམ་པ་འཇམ་དབྱངས་ཡེ་ཤེས་བསོད་ནམས་མཆོག་གྲུབ། སྐུ་ཕྲེང་བཞི་པ་འཇམ་དཔལ་རིག་འཛིན་བཅས་སྐྱེ་ཕྲེང་བཞི་ཙམ་བྱོན་པ་རྣམས་ཀྱི་རྣམ་ཐར་རྒྱས་པ་གཞན་ལས་ཤེས་པར་བྱའོ།།
བཅུ་བཞི་པ་ཀློང་སྤྲུལ་བདུད་འདུལ་རྡོ་རྗེ་རིན་པོ་ཆེ་དང་།
བཅོ་ལྔ་པ་ཀློང་གསལ་མཆོག་སྤྲུལ་རིན་པོ་ཆེ་བཅས་འདི་རྣམས་ཀྱི་མཛད་རྣམ་རྒྱས་པ་གཞན་ལས་ཤེས་པ་བྱའོ།།
ལབ་ཀྱི་མཁན་པོའི་གདན་རབས་ནི།
མཁན་པོ་གདན་རབས་དང་པོ་ནི། མཁན་པོ་འཇམ་དབྱངས་གྲགས་པ་སྟེ། ལབ་མཁན་ཆེན་སྐྱེ་ཕྲེང་བཅུར་དྲངས་པའི་དང་པོ་དང་། འདི་པ་ནི་བཤད་སྒྲུབ་གཉིས་ལྡན་དང་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་གྱིས་ཕྱུགས་པའི་མཁན་པོ་བླ་ན་མེད་པ་ཞིག་བཞུགས་པ་དང་། མཁན་ཆེན་སྤྲུལ་སྐུ་ཞེས་པའི་མཚན་དེ་ཡང་འདི་དང་འབྲེལ་ནས་བྱུང་ངམ་སྙམ་ལ། འདི་ཡི་གོང་འོག་གི་མཁན་པོ་དུ་མ་ཞིག་མཚན་མི་གསལ་ཞིང་འདིར་བཀོད་མ་ཐུབ་པས་དགོངས་འགལ་མེད་པ་ཞུ། མཁན་པོ་གདན་རབས་གཉིས་པ་ནི། མཁན་པོ་རིན་ཆེན་སེང་གེ་སྟེ། འདི་པ་ནི་དབང་ཆེན་དགྱེས་རབ་རྡོ་རྗེའི་སློབ་ཆེན་བརྒྱད་ཀྱི་ཡ་གྱལ་དང་། མཁས་བཙུན་བཟང་གསུམ་གྱི་དཔལ་དང་ལྡན་པའི་སྐྱེས་བུ་ཆེན་པོ་ཞིག་ཡིན་ལ། འདི་ཡི་གོང་འོག་གི་མཁན་པོ་འགའ་ཞིག་ཀྱང་མཚན་བཀོད་མ་ཐུབ་བོ། ། མཁན་པོ་གདན་རབས་གསུམ་པ་ནི། མཁན་ཆེན་ངག་དབང་ཕུན་ཚོགས་ཏེ། འདི་པ་དབུས་ཀྱི་གདན་ས་སེ་རར་ཕེབས་ནས་ལྷ་རམས་དགེ་བཤེས་ཨང་དང་པོའི་མཚན་རྟགས་བཞེས་པ་དང་། རྒྱལ་དབང་བཅུ་གསུམ་པ་རྒྱལ་མཆོག་ཐུབ་བསྟན་རྒྱ་མཚོའི་སྤྱན་བསལ་མཁན་པོ་དང་། སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་པོ་མཛད་ཅིང་། ལབ་ཀྱི་སྤྲུལ་སྐུ་རྣམ་གསུམ་གྱི་ཡོངས་འཛིན་མཛད་པས་ཡོངས་འཛིན་ངག་དབང་ཕུན་ཚོགས་ཞེས་གྲགས་སོ།། མཁན་པོ་གདན་རབས་བཞི་པ་ནི། མཁན་པོ་ཤེས་རབ་བཟང་པོ་སྟེ། འདི་པ་ནི་ལབ་ཀྱི་སྤྲུལ་སྐུ་བསོད་ནམས་རྩེ་མོའི་ཡོངས་འཛིན་མཛད་ཅིང་། ཁྲེས་སོར་སྐུ་འཁྲུངས་པས་ཁྲེས་སོ་ཤེས་རབ་བཟང་པོ་ཟེར་རམ་སྙམ་ལ། མཁན་པོ་གདན་རབས་ལྔ་པ་ནི། མཁན་ཆེན་འཇམ་དབྱངས་མཁས་གྲུབ་སྟེ། རིགས་རྒྱུད་སྤྱང་ཀི་བ། འདི་ཉིད་གདན་ས་ཆེན་མོ་བྱེས་གྲྭ་ཚང་དུ་ཆོས་ཞུགས་མཛད་པའི་མཁས་པ་ཞིག་ཡིན།
མཁན་པོ་གདན་རབས་དྲུག་པ་ནི། མཁན་པོ་བློ་རྒྱམ་སྟེ། འདི་པ་ཡང་རིགས་རྒྱུད་སྤྱང་ཀི་བ་དང་། འདི་ཉིད་མཁས་བཙུན་བཟང་གསུམ་འཛོམས་པ་མ་ཟད། སྐུ་མཐོང་བ་ཙམ་གྱིས་ཡིད་དང་བ་འདྲེན་པ་སྐྱེས་ཆེན་དམ་པ་ཞིག་བཞུགས།
མཁན་པོ་གདན་རབས་བདུན་པ་ནི། མཁན་ཆེན་འཕགས་པ་བཟང་སྟེ། འདི་པའི་སྐབས་སུ་ང་བརྒྱད་ཀྱི་དུས་འགྱུར་བྱུང་། གོང་གསལ་མཁན་རབས་བདུན་པོ་དེ་ནི་ང་བརྒྱད་སྔ་རོལ་གྱི་ལབ་དགོན་པའི་མཁན་པོའོ།།
མཁན་པོ་གདན་རབས་བརྒྱད་པ་ནི། མཁན་པོ་ཤཱཀྱ་བཟང་སྟེ། འདི་པ་ནི་དུས་འགྱུར་ཀྱི་རྗེས་ཀྱི་ལབ་དགོན་པའི་མཁན་རབས་དང་པོ་དང་། སྒྲུབ་པ་ཉམས་བཞེས་ཡུན་རིང་གནང་སྟེ་གྲུབ་པའི་གོ་འཕང་བརྙེས་པའི་སྐྱེས་ཆེན་དམ་པ་ཞིག་ཡིན། ཁྲི་ཆེན་བསོད་ནམས་རྩེ་མོས་ཕྱི་ལོ་༡༩༨༢་ཐམ་པའི་ལོར་ལབ་དགོན་པའི་ཆོས་སྒོ་ཆོས་སྒོ་གསར་དུ་འབྱེད་པའི་སྐབས་ཕྱག་རོགས་མཁན་པོ་ཤཱཀྱ་བཟང་དང་། དབུ་མཛོད་ཐུབ་བསྟན་མགོན་པོ། དགེ་བསྐོས་ཐུབ་བསྟན་ཐབས་མཁས། ཕྱག་མཛོད་ཐུབ་བསྟན་ཐར་པ། ཨ་ཞང་བཀྲ་སྟོབས། ཨ་ཞང་ཐུབ་བསྟན་རབ་གསལ་བཅས་སྤྱི་ཚོགས་རྙིང་པའི་སྐབས་ཀྱི་དགེ་རྒན་དཀའ་དྲིན་ཅན་དྲུག་ཙམ་བཞུགས་ཡོད།
མཁན་པོ་གདན་རབས་དགུ་པ་ནི། མཁན་པོ་ཐུབ་བསྟན་ཐབས་མཁས་ཏེ། འདི་པ་བཞེད་པ་གྲོང་ཚོར་སྐུ་འཁྲུངས་སོ།།
མཁན་པོ་གདན་རབས་བཅུ་པ་ནི། མཁན་པོ་ཐུབ་བསྟན་ཐབས་མཁས་ཏེ།འདི་པ་ལ་མཚན་གཞན་མཁན་པོ་བཀྲ་སྟོབས་ཞེས་ཞུའོ།།
མཁན་པོ་གདན་རབས་བཅུ་གཅིག་པ་ནི། མཁན་པོ་བསོད་ནམས་བློ་བཟང་སྟེ།འདི་པ་ནི་གདན་ས་ཆེན་པོའི་དགེ་བཤེས་ལྷ་རམས་པ་ཆེན་པོ་ཞིག་གོ།
མཁན་པོ་གདན་རབས་བཅུ་གཉིས་པ་ནི། མཁན་པོ་བསོད་ནམས་ཆོས་འཕེལ་ཏེ།འདི་པ་ཡང་གདན་ས་སེ་རའི་དགེ་བཤེས་ཞིག་ཡིན།
མཁན་པོ་གདན་རབས་བཅུ་གསུམ་པ་ནི། མཁན་པོ་བསོད་ནམས་ཚེ་བརྟན་ཏེ། འདི་པ་ཡང་གདན་ས་ཆེན་པོའི་དགེ་བཤེས་ལྷ་རམས་པ་ཆེན་པོ་ཞིག་གོ།
དེ་དག་གིས་ཤུལ་བཞག་རིག་གནས་དང་བརྩམས་ཆོས་ནི།
འདིར་མདོར་ཙམ་བརྗོད་ན། ལབ་ཀྱི་སྤྲུལ་སྐུ་རྣམ་གསུམ་གྱིས་མཚོན་པའི་ལབ་ཀྱི་བླ་སྤྲུལ་དགེ་བའི་བཤེས་གཉེན་ཇི་སྙེད་བྱོན་པ་རྣམས་ཀྱིས་ཕྱི་རབས་ཀྱི་སྐྱེ་བོ་རྣམས་ལ་ངོམ་རིན་ཡོད་པའི་བཤད་སྒྲུབ་འཆད་ཉན་དང་གཙུག་ལག་ཁང་དང་། སྐུ་གསུང་ཐུགས་རྟེན་སོགས་བགྲང་ལས་འདས་པ་ཞིག་བཞེང་བསྐྲུན་མཛད་ཡོད་པ་རྣམས་མིང་ཙམ་ཞིག་སྨྲས་ན། ༡ ལབ་ཕོ་བྲང་དམར་པོ་རྟེན་དང་བརྟེན་པ། ༢ གསེར་གདུང་ཁང་རྟེན་དང་བརྟེན་པ། ༣ བདེ་ཡངས་ཁང་རྟེན་དང་བརྟེན་པ། ༤ བྱམས་ཁང་རྟེན་དང་བརྟེན་པ། ༥ སྟོང་སྐུ་ལྷ་ཁང་རྟེན་དང་བརྟེན་པ། ༦ ལྕམ་སྲིང་ཁང་རྟེན་དང་བརྟེན་པ། རྒྱལ་ཁང་ངམ་རྩིའུ་དམར་ཁང་རྟེན་དང་བརྟེན་པ། ༧ ལྷ་སའི་འདུ་ཁང་རྟེན་དང་བཅས་པ། ༨ སྤྱི་ཁང་རྟེན་དང་བཅས་པ། ༩ མགོན་ཁང་གོང་འོག་རྟེན་དང་བཅས་པ། ༡༠ པར་ཁང་རྟེན་དང་བཅས་པ། ༡༡ རྟ་མགྲིན་སྒྲུབ་ཕུག བདེ་ཆེན་ཕུག རག་ཟོར་ཕུག རག་དམར་ཕུག ལབ་སྒྲོན་ཕུག མཁའ་སྤྱོད་སྒྲུབ་ཕུག འབྲོ་གེའི་ཕུག་སོགས་སྒྲུབ་ཁང་རྟེན་དང་བརྟེན་པ། ༡༢ སྐྱབས་མགོན་བླ་བྲང་། མཁན་ཆེན་བླ་བྲང་། བསྟན་རྒྱས་བླ་བྲང་སོགས་བླ་བྲང་ཁག་གི་རྟེན་དང་བརྟེན་པ་བཅས་པ། ༡༣ ལྷ་སའི་སྤྱི་སོ། ཧོར་ཚང་སྤྱི་སོ། རྒྱ་ནག་སྤྱི་སོ། དགོན་པ་གཞུང་བཅས་ཀྱི་མཛོད་ཁང་བང་མཛོད། མདོར་ན་གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་བགྲང་ལས་འདས་ཤིང་། མཛོད་ཁང་དང་ཅ་དངོས་ལོངས་སྤྱོད་པས་འཛད་པའི་མཐའ་མེད་པ་ཞིག་ཡོད་ལ། དེའི་ཕྱིར་སྐབས་དེར་བཤད་སྲོལ་ཞིག་ལ་ལབ་དགོན་པའི་གསེར་ཉ་དང་ཊཾ་ག་རྣམས་འབྲི་ཆུ་ནང་དུ་གཡུག་ན་འབྲི་ཆུ་ཡང་འགོག་ཐུབ་ཀྱི་རེད་ཅེས་བཤད་སྲོལ་བྱུང་བ་རེད། གཞན་ཡང་དངོས་པོ་འཛུག་བསྐྲུན་གྱི་ཆ་ནས་བཤད་ན། ས་ལ་ས་ཞིང་འཛུགས་བསྐྲུན་དང་། ཆུ་ལ་ཆུ་རྐ་བསྒྱུར་བཅོལ། གནས་ལ་གྲོང་པའི་བསྒྱུར་བཅོལ། དགོན་པ་ལ་ལྕགས་རི་སོགས་ཀྱི་འཛུག་བསྐྲུན་དང་། རི་ལ་རི་རྒྱ་དང་ཆུ་ལ་ཀླུང་རྒྱ། ས་ཆ་མང་པོ་ཞིག་ལ་ལྗང་མདོག་ཅན་གྱི་ལྕང་མ་འདེབས་འཛུག་བྱས་ནས་ལབ་ཀྱི་དགོན་སྡེ་ཡོངས་ཀྱི་ཁོར་ཡུག་ཐམས་ཅད་དགེ་བཅུའི་གཡང་དུ་ཆགས་པའི་དག་པའི་ཞིང་ཁམས་ལྟ་བུའི་འཛུག་བསྐྲུན་བྱས་ཡོད། ལབ་དགོན་པའི་ལྕང་མའི་འཛུག་བསྐྲུན་གྱི་འཕེལ་རྒྱས་ནི་ལབ་ཙམ་དུ་མ་ཟད་སྒ་སྐྱེ་དགུའི་མཚོན་པའི་མདོ་སྟོད་མཐོ་སྒང་གི་ས་ཆ་ཕལ་ཆེར་ལ་ཡོད་པ་ཀུན་གྱིས་མཐོང་ཆོས་སུ་ཡོད་པ་དང་། རྒྱལ་ཁབ་རིམ་པ་ནས་ཀྱང་ལབ་སྐྱབས་མགོན་སྐུ་ཕྲེང་བཅུ་གསུམ་པ་འཇམ་དབྱངས་བློ་བཟང་རྒྱ་མཚོ་ལ་སྐྱེ་ཁམས་སྐྱབས་མགོན་ཞེས་མཚན་གནས་ཕུལ་བ་མ་ཟད་ཁོང་གི་དྲན་རྟེན་ཁང་ཡང་བཞེངས་ཡོད་པ་རེད། གོང་སྨོས་འཛུག་བསྐྲུན་དེ་རྣམས་ཞིབ་ཚགས་ལ་བཀོད་བསྒྲིག་ལེགས་པ་སོགས་རྒྱས་པ་ནི་ལབ་ཆོས་འབྱོར་སོགས་ལས་ཤེས་པར་བྱ་དགོས་ལ། འདིར་ཕྱོགས་མཐོང་གི་མིང་ཙམ་ཞིག་སྨོས་པའོ།། དེ་ལྟར་ལབ་དགོན་པ་ལ་ངོམ་རིན་ཡོད་པའི་མཁས་གྲུབ་ཀྱི་སྐྱེས་ཆེན་དམ་པ་དང་གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་སོགས་བགྲངས་ལས་འདས་པ་ཞིག་ཡོད་མོད། ང་བརྒྱད་སོགས་ཀྱི་དུས་འགྱུར་གི་རླུང་འཚུབ་ལ་བརྟེན་ནས་མཐར་ཐོར་ཞིག་ཏུ་སོང་ཞིང་དེང་གི་དུས་སུ་མིང་གི་ལྷག་མ་ཙམ་དུ་གྱུར་ཏོ། །འོན་ཀྱང་སྟབས་ལེགས་པ་ཞིག་ལ་ཕྱི་ལོ་༡༩༧༩་ལོར་དཀའ་དྲིན་མཚུངས་མེད་ལབ་ཁྲི་བ་རིན་པོ་ཆེ་རྗེ་བཙུན་བསོད་ནམས་རྩེ་མོ་མཆོག་བཙོན་གྲོལ་ཐོབ་ནས་སླར་ཡང་བསྟན་པའི་སྒོ་མོ་ཆེར་ཕྱེ་ནས་ལབ་དགོན་སྡེ་གཉིས་ཀྱི་མཚོན་པའི་མདོ་ཁམས་ཕྱོགས་ཀྱི་བསྟན་འགྲོ་ཡོངས་ལ་མཛད་པ་དང་འཕྲིན་ལས་ཉི་མ་བཞིན་དུ་ཁྱབ་ཡོད་པ་ནི་ཀུན་གྱིས་མཁྱེན་གསལ་བཞིན་ཡིན་ལ། བླ་མ་འདིས་ལབ་དགོན་པ་སླར་གསོ་མཛད་ནས་གཙུག་ལག་ཁང་དང་གྲྭ་ཤག་གསར་བཞེང་། དགོན་པའི་འཚོ་བ་རང་ཁ་རང་གསོའི་ཆེད་དུ་ལབ་སྤྱི་སོ་གསར་འཛུག་མཛད་ཅིང་། བླ་མ་འདིའི་ཞལ་ནས་དགོན་སྡེ་ཞིག་ལ་མཚོན་ན་བསླབ་པ་སློབ་གཉེར་དང་གཞུང་ཆེན་སློབ་གཉེར་མེད་ན་དགོན་པའི་མཚན་ཉིད་མི་ཚང་ཞིང་། སློབ་གཉེར་མེད་པའི་དགོན་སྡེ་ཞིག་ཡོད་མེད་མེད་ཅེས་སོགས་བཀའ་སློབ་སློབ་སྟོན་ཟབ་ནན་ཡང་ཡང་གནང་ཏེ། རྒྱ་གར་ནས་རྒན་ཐུབ་བསྟན་ཀུན་མཁྱེན་དང་ཀ་བཞིའི་དགོན་ནོར་གཏེར་དང་འབུམ་རྙིང་རྒན་ཀུན་གྲགས་སོགས་གདན་འདྲེན་ཞུས་ནས་ལམ་རིམ་དང་མཚན་ཉིད་སློབ་པའི་འགོ་བཙུགས་ཤིང་། རྫ་སེར་ཤུལ་དགོན་དུ་གྲྭ་རྒྱུན་གཏོང་བ་སོགས་སློབ་གཉེར་གྱི་གཞི་བཏིང་བར་མཛད། བླ་མ་འདི་ནི་ཆོས་སྲིད་གང་གི་ཐད་ནས་ཕུག་རྒྱང་རིང་ལ་རྒྱ་ཆེ་བའི་མཁྱེན་རྒྱ་མངའ་བས་བསྟན་འགྲོ་སྤྱི་དང་ཁྱད་པར་ལབ་དགོན་སྡེ་གཉིས་ལ་གསབ་ཏུ་མེད་པའི་བཀའ་དྲིན་ཅན་གྱི་བླ་མ་ཞིག་ཡིན། གཞན་ཡང་ལབ་ཀྱི་བླ་སྤྲུལ་དགེ་བཤེས་རྣམས་དང་ཁྱད་པར་ལབ་ཀྱི་སྤྲུལ་སྐུ་རྣམ་གསུམ་དང་དེ་དག་ལས་ལབ་སྐྱབས་མགོན་སྐུ་ཕྲེང་རིམ་པ་དང་ཁྲི་ཆེན་བསོད་ནམས་རྩ་མོ་དག་གིས་ལབ་ཆོས་སྡེ་དགོན་པ་བདག་གིར་མཛད་ནས་རླབས་ཆེན་གྱི་མཛད་རྗེས་དུ་མ་ཞིག་བཞག་ཡོད་པ་ནི། ལབ་དགོན་པ་འདི་ལ་ཕན་བདེ་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་མདོ་སྔགས་ཀྱི་གྲྭ་ཚང་གཉིས་དང་། སྔགས་པ་གྲྭ་ཚང་ནས་གཙོ་བོ་རྒྱུད་སྡེ་འཆད་ཉན་དང་། ཆོས་ཐོག་རིམ་པ་རྣམས་སུ་འདོན་རྟ་དབྱངས་དང་ཐིག་རྡུལ་ཚོན་རྔ་གླིང་རོལ་མོ་དང་དཀྱིལ་འཁོར་བཞེང་བསྐྲུན་གསང་བདེ་འཇིགས་གསུམ་སོགས་ཀྱི་བདག་འཇུག་སོགས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཕྱག་ལེན་བཞིན་དུ་མ་ཉམས་རྒྱུད་འཛིན་བྱེད་བཞིན་ཡོད་ལ། མཚན་ཉིད་གྲྭ་ཚང་གི་དགེ་འདུན་པ་རྣམས་ཀྱིས་ལོ་རེ་བཞིན་དུ་དབྱར་དགུན་སྟོན་དཔྱིད་སོགས་ཀྱི་ཆོས་ཐོག་རིམ་པ་རྣམས་སུ་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཕྱག་ལེན་ལྟར་དུ་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་སློབ་གཉེར་བྱེད་ཀྱིན་ཡོད་ལ། དེ་ཡང་འདུལ་བ་ཀ་རི་ཀཱ་ནས་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་བར་ཞེས་གསུངས་སྲོལ་ཡོད་པ་བཞིན་དུ་བསྡུས་གྲྭ་ནས་ཕར་ཕྱིན་ཚད་མ་དབུ་མ་རྣམ་འགྲེལ་འདུལ་བ་མཛོད་གསང་སྔགས་ཞར་བྱུང་རིག་གནས་དང་བཅས་པ་སློབ་ཚན་ཆ་ཚང་ཞིང་གོ་རིམ་འབྲེལ་ཆགས་པའི་མཚན་ཉིད་ཚང་བའི་སློབ་གཉེར་གྱི་ལམ་སྲོལ་བཟང་པོ་ཡོད་པ་མ་ཟད། དེང་གི་ཆ་ལ་མཚོན་ན། ལབ་དགོན་པར་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་གྲྭ་རྒྱུན་སྟོང་ཕྲག་ལས་བརྒལ་བ་དང་། གཞུང་ཆེན་སློབ་གཉེར་གྱི་ཆ་ནས་མདོ་ཁམས་སུ་མཚན་སྙན་ཤིན་ཏུ་ཆེ་བའི་དགོན་པ་ཞིག་ཡིན། དེ་ལྟར་ལབ་དགོན་པ་ནི་བཤད་སྒྲུབ་གཉིས་ལྡན་གྱི་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་ཆོས་སྡེ་ཁྱད་པར་དུ་འཕགས་ཤིང་། གཞི་གསུམ་ཉམས་ལེན་གྱིས་མཚོན་པའི་ཆོས་འདུལ་བའི་ཕྱག་ལེན་རྣམ་པ་དག་ཅིང་བླ་སློབ་དགེ་འདུན་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བ་དང་། ཕྱོགས་གཞན་གྱི་བླ་སྤྲུལ་དགེ་བཤེས་དང་དགེ་འདུན་པ་དང་ཡུལ་མི་རྣམས་ལ་ཡང་དམ་ཚིག་གཙང་ལ་མཐུན་སྒྲིལ་བཟང་བའི་སྒོ་ནས་ཀུན་གྱི་མིག་དཔེ་དང་བསྔགས་བརྗོད་ཀྱི་ཡུལ་དུ་གྱུར་པའི་དགོན་ཆེན་ཞིག་ཏུ་གྱུར་ཡོད། ཕྱིས་སུ་ལབ་མཁའ་ལྡིང་ནས་སྔར་གྱི་སྤྱི་ཁང་ཇེ་ཆེར་གསར་བཞེང་དང་། ལབ་སྐྱབས་མགོན་ནས་ལྷ་སའི་འདུ་ཁང་སྔར་ལས་ཆེར་བསྐྱེད་ཀྱི་གསར་བཞེང་གནང་བ་དང་། ལབ་སྤྱི་སོ་དང་སྐུ་གདུང་རིན་པོ་ཆེའི་དཀོན་གཉེར་དགེ་སློང་བསོད་ནམས་ཐུབ་བསྟན་ཟུང་ནས་སྟེང་དུ་སྐུ་གདུང་ལྷ་ཁང་དང་འོག་ཏུ་ཆོས་རྭ་ཆེན་པོ་ཅན་གྱི་ལྷ་ཁང་ཆེན་མོ་གསར་བཞེངས་མཛད་པ་དང་། ལབ་སྤྱི་སོ་ནས་དྲོད་དང་ཐབ་ཚང་ཁྲུས་ཁང་གསང་སྤྱོད་སོགས་སོགས་ཆ་འཛོམས་ཡོད་པའི་གྲྭ་ཤག་བརྒྱ་ཕྲག་བརྒལ་བ་གསར་བཞེངས་མཛད་པ་དང་། དེ་བཞིན་དུ་སྙན་གྲགས་ཆེ་བའི་སྒ་སྐྱེ་དགུའི་ལབ་དགོན་པའི་མགྲོན་ཁང་ཆེན་མོ་དང་། སྣུམ་མཛོད་ཁང་དུ་མ་གསར་བསྐྲུན་མཛད་ཡོད་ལ། ལབ་མཁན་ཟུར་དགེ་བཤེས་བསོད་ནམས་བློ་བཟང་བརྒྱུད་ནས་མཐོ་བརྩེགས་ལྔ་ཅན་གྱི་དཔེ་ཁྲིད་དགེ་རྒན་གྱི་བཞུགས་ཤག་གསར་བཞེངས་མཛད་པ་དང་། དབུ་ཟུར་སྔགས་རམས་པ་བསོད་ནམས་སྦྱིན་པ་བརྒྱུད་ནས་སློབ་གྲྭའི་འཛིན་ཁང་གསར་བཞེངས་སོགས་ལབ་དགོན་པའི་གཙུག་ལག་ཁང་དང་གྲྭ་ཤག་གསར་བཞེང་སོགས་ཀྱི་སྤུས་ཚད་ནི་མདོ་དབུས་ཁམས་གསུམ་དུ་ཨང་རིམ་དང་པོར་སླེབས་ཡོད། གཞན་ཡང་སྔར་གྱི་རྟེན་རྙིང་ལྷག་ལུས་དེང་དངོས་སུ་མཇལ་དུ་ཡོད་པའི་ལབ་དགོན་པའི་རྩ་ཆེ་ལ་ངོམ་རིན་ཡོད་པའི་བྱིན་རླབས་ཅན་གྱི་དངོས་པོ་འགའ་ཞིག་ཡོད་པ་ནི། རྗེ་ཙོང་ཁ་པ་ཆེན་པོས་བླ་མ་ཡོན་ཏན་དཔལ་ལ་དངོས་སྩལ་གནང་མཛད་པའི་སྒྲོལ་མ་བྱེའུ་དྲོད་མ་དང་རྗེ་ང་འདྲ་མ་གཉིས་དང་། ཡང་རྗེ་བླ་མས་མཁན་ཆེན་ཡོན་ཏན་དཔལ་ལ་དངོས་སུ་གནང་བའི་རྗེ་ཙོང་པའི་སྣམ་སྦྱར་ཚུལ་ཁྲིམས་ཀྱི་དྲི་ངད་ལྡང་བ་དང་། འདི་གསུམ་ནི་རྗེ་ཙོང་ཁ་པ་ཆེན་པོས་འདན་མ་ཡོན་ཏན་དཔལ་ལ་དངོས་སུ་གནང་བའི་ཧ་ཅང་རྩ་ཆེ་ཞིང་བྱིན་རླབས་ཆེ་བ་འཛམ་བུ་གླིང་ན་རྙེད་པར་དཀའ་བའི་རྟེན་ཤ་སྟག་ཞིག་ཡིན་ལ། དེ་བཞིན་དུ་མཁན་ཆེན་ཡོན་ཏན་དཔལ་བ་སྐུ་དངོས་ཀྱི་སྣམ་སྦྱར་དང་། བྱིན་རླབས་དང་རིན་ཐང་ཤིན་ཏུ་ཆེ་བའི་རྟ་མགྲིན་ཡང་གསང་ལྷ་དགུའི་ཞལ་ཐང་བྱིན་ཅན་དང་། ཡང་ཐུབ་པ་རྡོར་གདན་མ་བྱིན་རླབས་ཤིན་ཏུ་ཆེ་བ་དང་། གུ་རུ་མཚན་བརྒྱད་ཀྱི་སྐུ་རྙིང་བྱིན་རླབས་ཅན་གཏེར་བྱོན་མ་དང་། རྩ་བའི་བླ་མ་ཐམས་ཅད་མཁྱེན་པས་ཕྱག་དྲོན་མོ་ལས་དངོས་སུ་རྟེན་སྐལ་དུ་བསྩལ་གནང་མཛད་པའི་ཐུབ་དབང་གི་སྐུ་བྱིན་ཅན་དུ་མ་དང་ཁོང་ཉིད་ཀྱི་གདིང་བ་བྱིན་ཅན་རྣམས་དང་། བཞེང་ལེགས་ལ་བྱིན་རླབས་ཤིན་ཏུ་ཆེ་བའི་སྐྱབས་མགོན་དགྱེས་རབ་རྡོ་རྗེ་ཀྱི་སྨན་སྐུ་ངོ་མཚར་ཅན་དང་། པཎ་ཆེན་སྐུ་ཕྲེང་བཅུ་པས་ཁྲི་ཆེན་བསོད་ནམས་རྩ་མོ་ལ་བསྩལ་གནང་མཛད་པའི་ཙན་དན་དཀར་པོའི་ཐུབ་སྐུ་བྱིན་རླབས་ཅན་དང་། གཞན་ཡང་རྒྱ་ནག་གོང་མས་དབང་ཆེན་དགྱེས་རབ་རྡོ་རྗེ་ལ་ཕུལ་བའི་སྦུག་ཆེན་ཡེ་དྷརྨ་དང་། སིལ་སྙན་བྱ་ཁུར་མ་དང་། སིལ་སྙན་སྨན་བླ་མ་དང། ཧ་ཅང་རྙེད་དཀའ་ལ་རིན་ཐང་ཆེ་བའི་ཆོས་དུང་དཀར་པོ་གཡས་འཁྱིལ་དང་། རྒྱལ་མཆོག་བདུན་པ་ཆེན་པོས་བསྩལ་བའི་གསེར་ཡིག་དང་། གོ་མ་ཆེན་པོའི་བཀའ་བཞིན་དུ་ལྕང་སྐྱ་ཐམས་ཅད་མཁྱེན་པས་མཛད་པའི་བཀའ་ཡིག་དང་། པཎ་ཆེན་བདུན་པས་བསྩལ་གནང་མཛད་པའི་འཇའ་ས་དང་། །བསྟན་རྒྱས་སྐུ་ཕྲེང་གསུམ་པས་མཛད་པའི་བཅའ་ཡིག་ཆེན་མོ་སོགས་ད་ལྟ་དངོས་སུ་བཞུགས་ཡོད་པ་བཅས་སོ། །དེ་ནས་ཡང་ཕྱིས་སུ་ལབ་སྐྱབས་མགོན་སྐུ་ཕྲེང་བཅོ་ལྔ་པས་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་ནས་སེར་བྱེས་དགེ་བཤེས་ལྷ་རམས་པ་བློ་བཟང་འབྲུག་གྲགས་གདན་འདྲེན་ཞུས་ཤིང་། དེ་བཞིན་དུ་ལབ་གྲྭ་སེར་བྱེས་དགེ་བཤེས་ལྷ་རམས་པ་བསོད་ནམས་བློ་བཟང་དང་། སེར་བྱེས་དགེ་བཤེས་བསོད་ནམས་ཆོས་འཕེལདང་། སེར་བྱེས་དགེ་བཤེས་ལྷ་རམས་པ་བསོད་ནམས་ཚེ་བརྟན། སེར་སྨད་དགེ་བཤེས་ཉི་མ། སེར་བྱེས་དགེ་བཤེས་ལྷ་རམས་པ་བསོད་ནམས་ཆོས་གྲགས། སེར་བྱེས་དགེ་བཤེས་ལྷ་རམས་པ་བསོད་ནམས་ཕུར་བུ། སེར་བྱེས་དགེ་བཤེས་བསོད་ནམས་བཟོད་པ། སེར་བྱེས་དགེ་བཤེས་ཐུབ་བསྟན་ཕྱོགས་གླང་། རྒྱུད་སྨད་སྔགས་རམས་པ་བསོད་ནམས་སྦྱིན་པ། རྒྱུད་སྨད་སྔགས་རམས་པ་ངག་དབང་ཆོས་ལྡན་དང་། སེར་ཤུལ་ནས་དགེ་བཤེས་མཚན་རྟགས་བཞེས་པ་རྒན་བསོད་ནམས་ཤེས་རབ་སོགས་དགོན་པ་འདིར་ཕེབས་ནས་ལབ་དགོན་པའི་ཆོས་སྲིད་ཀྱི་མཛད་པ་རྣམས་དབྱར་གྱི་མཚོ་ལྟར་འཕེར་རྒྱས་སུ་འགྲོ་དང་འགྲོ་བཞིན་པ་འདི་ལྟར་ཡིན་ལ། འཕགས་ཡུལ་གྱི་གདན་ས་སེ་ར་ལའང་དགེ་བཤེས་ལྷ་རམས་པ་ཐུབ་བསྟན་ཟླ་འོད་དང་། དགེ་བཤེས་ལྷ་རམས་པ་ཐུབ་བསྟན་བརྩོན་འགྲུས་དང་། ལྷ་རམས་དགེ་བཤེས་བསོད་ནམས་སྦྱིན་པ་དང་། ལྷ་རམས་དགེ་བཤེས་བསོད་ནམས་བདེ་ལེགས་དང་། ལྷ་རམས་དགེ་བཤེས་ངག་དབང་སྟོབས་ལྡན་དང་། ལྷ་རམས་དགེ་བཤེས་ངག་དབང་ལེགས་བཤད་དང་། ལྷ་རམས་དགེ་བཤེས་ཤཱཀྱ་ཐོགས་མེད་དང་། ལྷ་རམས་པ་བསོད་ནམས་དར་རྒྱས་དང་། ལྷ་རམས་པ་ངག་དབང་ཐོགས་མེད་དང་། ལྷ་རམས་པ་བསོད་ནམས་མཁྱེན་རབ་དང་། གཞན་ཡང་དགེ་བཤེས་ཡེ་ཤེས་དགའ་བ་དང་། དགེ་བཤེས་བསྟན་འཛིན་འོད་གསལ་དང་། དགེ་བཤེས་ཐུབ་བསྟན་བཀྲ་ཤིས། དགེ་བཤེས་ངག་དབང་བརྩོན་འགྲུས། རྒྱུད་སྨད་སྔགས་རམས་པ་བསོད་ནམས་རབ་རྒྱས་སོགས་ལབ་དགོན་པའི་དགེ་བའི་བཤེས་གཉེན་མང་པོ་ཞིག་གདན་ས་ལ་བཞུགས་ནས་བསྟན་པའི་བྱ་བ་རླབས་ཆེན་སྒྲུབ་བཞིན་ཡོད་ལ། གཞན་ཡང་ཞི་བར་གཤེགས་པ་དགེ་བཤེས་ལྷ་རམས་པ་ཐུབ་བསྟན་དཔལ་ལྡན་དང་། དགེ་བཤེས་ལྷ་རམས་པ་ཕུན་ཚོགས་རབ་རྒྱས་དང་། དགེ་བཤེས་ལྷ་རམས་པ་སྙིང་རྗེ་རབ་ཡངས་དང་། དགེ་བཤེས་ལྷ་རམས་པ་དཔལ་ཆེན་དང་། དགེ་བཤེས་ཆོས་ལྡན། དགེ་བཤེས་བློ་བཟང་སྦྱིན་པ་དང་། དགེ་བཤེས་ཐུབ་བསྟན་ཀུན་མཁྱེན་དང་། དགེ་བཤེས་དབང་ཆེན་རབ་ཡངས་དང་། དགེ་བཤེས་ངག་དབང་ལེགས་འོངས་སོགས་ཀྱང་གདན་ས་ཆེན་པོ་ནས་དགེ་བཤེས་ཀྱི་མཚན་རྟགས་བཞེས་ནས་བསྟན་པ་དང་འགྲོ་བ་ལ་ཕན་པའི་སྐྱེས་བུ་དམ་པ་ཤ་སྟག་དང་། གོང་གསལ་དགེ་བཤེས་འདི་རྣམས་དང་དགེ་བཤེས་བསོད་ནམས་འགྱུར་མེད་སོགས་འདི་དག་ཐམས་ཅད་ང་བརྒྱད་ཚུན་ཆད་སྟེ་དུས་རབས་ཉི་ཤུ་པའི་སྨད་དང་ཉེར་གཅིག་པའི་འགོ་སྟོད་ཙམ་སྟེ་ཕལ་ཆེར་ལོ་བཞི་བཅུ་དང་ལྔ་བཅུ་ཙམ་གྱི་ནང་དུ་གདན་ས་ཆེན་པོ་ནས་དགེ་བཤེས་ཀྱི་མཚན་རྟགས་བཞེས་པ་ཤ་སྟག་ཡིན་ལ་འདི་ནི་ལབ་དགོན་པའི་ལོ་རྒྱུས་ཀྱི་སྟེང་ནས་བྱུང་མ་མྱོང་ཞིང་ཕྱིས་ཀྱང་འབྱུང་དཀའ་བའི་ངོམ་རིན་ཡོད་པའི་ངོ་མཚར་གྱི་ཆེ་བ་ཞིག་ཀྱང་ཡིན་ནོ། །གཞན་ཡང་ལབ་དགོན་པ་ལ་རྩ་ཆེ་ཞིང་གླེང་རིན་ཡོད་པའི་ཆོས་ཞིག་ཡོད་པ་ནི།
ལབ་དགོན་པའི་བླ་སྤྲུལ་དགེ་བཤེས་རྣམས་ཀྱིས་མཛད་པའི་ཤུལ་བཞག་
དཔེ་ཆ།
ད་ལྟ་དངོས་སུ་མཇལ་དུ་ཡོད་པ་ནི། ལབ་སྐྱབས་མགོན་སྐུ་ཕྲེང་བཅུ་གཉིས་པ་དབང་ཆེན་དགྱེས་རབ་རྡོ་རྗེའི་གསུང་འབུམ་པོད་གསུམ་བཞུགས་ཡོད་པ་དང་། གཞན་ཡང་ཁོང་གི་རྣམ་ཐར་ཆེན་མོ་ལ་སོགས་པའི་གསུམ་རྩོམ་མང་པོ་ཞིག་ཡོད་པ་རྣམས་དུས་འགྱུར་དབང་གིས་མིང་ཙམ་དུ་གྱུར་ཅིང་། དེ་བཞིན་ལབ་སྐྱབས་མགོན་མདོ་རྒྱུད་རྒྱ་མཚོས་མཛད་པའི་གསུང་འབུམ་ཐར་ཐོར་འགའ་ཞིག་བཞུགས་པ་དང་། གཞན་ལབ་སྐྱབས་མགོན་སྐུ་ཕྲེང་དང་པོ་བླ་མ་ཡོན་ཏན་དཔལ་བ་ལ་སོགས་པའི་སྐྱབས་མགོན་སྐུ་ཕྲེང་རིམ་པ་དུ་མ་ཞིག་དང་། ལབ་མཁན་ཆེན་སྐུ་ཕྲེང་འགའ་ཞིག་ལ་ཡང་གསུང་རྩོམ་ཡོད་པ་ཡིན་མོད་ཀྱང་དེང་གི་དུས་སུ་མཇལ་དུ་མེད་པར་གྱུར། ལབ་བསྟན་རྒྱས་སྐུ་ཕྲེང་འགའ་ལ་ཡང་གསུང་རྩོམ་དུ་མ་ཡོད་ཀྱང་དེང་གི་དུས་སུ་སྐུ་ཕྲེང་བདུན་པ་ཐུབ་བསྟན་ངག་དབང་བློ་བཟང་རབ་ཡངས་མཆོག་གིས་མཛད་པའི་དམིགས་སྐོར་བཅུ་གསུམ་གྱི་ཁྲིད་ཡིག་ཙམ་མ་གཏོགས་མཇལ་དུ་མི་འདུག ལབ་བསོད་ནམས་རྩེ་མོས་མཛད་པའི་ལབ་དགོན་པའི་ལོ་རྒྱུས་མདོར་བསྡུས་དང་། ལབ་སྐྱབས་མགོན་གྱི་འཁྲུངས་རབས་བསྟོད་པ་སོགས་གསུང་ཐོར་བུ་འགའ་ཞིག་བཞུགས། ལོ་རྒྱུས་མདོར་བསྡུས་དེ་གཞིར་བྱས་ཏེ་རྒན་བློ་བཟང་བློ་གྲོས་ལགས་ཀྱིས་མཛད་པའི་ལབ་ཆོས་འབྱུང་པོད་ཆེན་ཞིག་བཞུགས་ལ། འདི་ནི་ལབ་ཀྱི་ཆོས་འབྱུང་ཆེ་ཤོས་ཡིན། དེ་དག་ལས་ལབ་སྐྱབས་མགོན་དབང་ཆེན་དགྱེས་རབ་རྡོ་རྗེའི་གསུང་འབུམ་དུ་མདོ་ཕྱོགས་དབུ་མ་དང་ཕར་ཕྱིན་གྲུབ་མཐའ་བཅས། སྔགས་ཕྱོགས་ཀྱི་སྔགས་ཀྱི་ས་ལམ་དང་། གསང་འདུས་དབང་ཊཱིཀ བདེ་མཆོག་དབང་ཊཱིཀ ཀུན་རིག་དབང་ཊཱིཀ་སོགས་ནི་ཆེས་སྙན་གྲགས་ཆེ་ལ་རྩ་ཆེ་བའི་ལེགས་བཤད་རིན་ཐང་བྲལ་བ་ཤ་སྟག་གོ།
ད་ལྟའི་འཛིན་སྐྱོང་སྒྲིག་གཞི་དང་སློབ་གཉེར་ལམ་ལུགས་ནི།
ལབ་དགོན་པ་ལ་གྲྭ་ཚང་གཉིས་ཀྱི་འཛིན་སྐྱོང་སྒྲིག་གཞི། སྤྱིར་རབ་ཏུ་བྱུང་བའི་འདུལ་ཁྲིམས་གཙང་ལ། སྒོས་སུ་དགོན་པའི་ནང་ཁྲིམས་ཧ་ཅང་རན་ལ་འཚམས་པའི་སྒྲིག་ཁྲིམས་ཡོད་ལ། དེ་ཡང་མཚན་ཉིད་གྲྭ་ཚང་གི་སྒྲིག་གཞི་ནི་སེར་བྱེས་མཁས་སྙན་གྲྭ་ཚང་གི་སྒྲིག་གཞི་གཞི་བཟུང་དང་། རྒྱུད་པ་གྲྭ་ཚང་གི་སྒྲིག་གཞི་ནི་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་སྒྲིག་གཞི་གཞི་བཟུང་དང། བསླབ་པ་སློབ་གཉེར་གྱི་རིམ་པ་ཡང་མདོ་སྔགས་ཀྱི་གྲྭ་ཚང་འདི་གཉིས་ཀྱིས་སེར་བྱེས་མཁས་སྙན་གྲྭ་ཚང་དང་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་སློབ་གཉེར་ལམ་ལུགས་གཞི་བཟུང་བྱས་ཏེ་འགྲོ་བཞིན་ཡོད།
ས་ཁོངས་ཆོས་རྒྱུད་དང་མངའ་རིས་བདག་དབང་ནི།
ལབ་དགོན་པ་ནི་མདོ་དབུས་ཁམས་གསུམ་ལས་ཁམས་ཕྱོགས་ཀྱི་སྒ་ལབ་ལུང་དཔལ་གྱི་ལྷ་སའི་ལུང་པར་མདོ་དང་རྒྱུད་ཀྱི་ལུང་གིས་ཟིན་པའི་དགེ་བཅུ་ཚང་བའི་ས་གནས་ཕུན་སུམ་ཚོགས་པ་ཞིག་ཏུ་ཆགས་ཡོད་ལ། དགོན་པ་འདི་ནི་ཁམས་སྟོད་དུ་རྗེ་ཙོང་ཁ་པའི་བསྟན་པ་འཛིན་པའི་དགོན་སྡེ་ཐོག་མ་དེ་ཡིན་ལ། ཕྱིས་སུ་འདན་མ་དགོན་ཁག་བཅོ་བརྒྱད་དང་འཁོར་ཡན་ལག་རྩ་ལྔ་སོགས་དགོན་པའི་བུ་དགོན་གྱི་ཚུལ་དུ་རྗེ་བླ་མའི་རིང་ལུགས་འཛིན་པའི་དགོན་སྡེ་དུ་མ་འཕེལ་རྒྱས་སུ་བྱུང་ཞིང་ལོ་རྒྱུས་ཀྱི་སྟེང་ནས་བསམ་ན་ལབ་དགོན་པ་ནི་མདོ་ཁམས་ཤར་ཕྱོགས་སུ་རྗེ་བླ་མའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ་ལོ་རྒྱུས་ཡུན་རིང་ལ་ཧ་ཅང་གལ་ཆེ་བའི་དོན་སྙིང་ལྡན་པའི་དགོན་པ་ཞིག་ཡིན། ལབ་ཆོས་སྡེ་དགོན་པ་ནི། གྲྭ་སའི་དབང་དུ་བྱས་ན་གདན་ས་སེ་ར་དང་གྲྭ་ཚང་ནི་སེར་བྱེས་མཁན་སྙན་གྲྭ་ཚང་། ཁང་ཚན་ནི་སེར་བྱེས་ལྡན་མ་ཁང་ཚན་གྱི་ཁོངས་གཏོགས་དང་། དགོན་པ་འདིའི་སློབ་གཉེར་ཡིག་ཆ་ཡང་རྗེ་ཡབ་སྲས་ཀྱི་གསུང་རབ་རྣམས་དང་ལུང་དང་རིགས་པའི་དབང་ཕྱུག་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་གསུང་རབ་རྣམས་གྲྭ་ཚང་འདིའི་རང་ལུགས་ཀྱི་ཡིག་ཆ་ཡིན་ལ། གདན་ས་གཞན་གྱི་ཡིག་ཆ་རྣམས་ཀྱང་ཧ་ཅང་གལ་ཆེན་དུ་བཟུང་སྟེ་ཟུར་བལྟའི་ཚུལ་དུ་སྦྱོང་བ་ཡིན།
མདོ་ཁམས་འཇང་དགུན་ཆོས་ཆེན་མོར་ཞུགས་དགོས་དང་ཞུགས་དུས་ནི།
ལབ་དགོན་པ་མདོ་ཁམས་འཇང་དགུན་ཆོས་ཆེན་མོར་ཞུགས་དུས་ནི་ཕྱི་ལོ་༢༠༡༠་ཡི་ལོར་མདོ་ཁམས་འཇང་དགུན་ཆོས་ཐེངས་བཅུ་གཅིག་པ་སྒྲུབ་རྒྱུད་དགོན་པར་འཚོགས་པའི་སྐབས་སུ་དངོས་སུ་འཛུལ་ཞུགས་བྱས་པ་ཡིན་ལ། དེ་ལྟར་ཞུགས་པའི་དགོས་པ་ཡང་བསྟན་འགྲོའི་ཕན་བདེ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཕེལ་རྒྱས་ཡོངས་པའི་ཆེད་དང་། བྱེ་བྲག་ཁམས་གསུམ་འགྲོ་བའི་བླ་མ་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོའི་བསྟན་པ་འཛིན་སྐྱོང་གི་འཕེལ་རྒྱས་ཡོང་ཆེད་ཡིན་ལ། ལབ་དགོན་པ་ནི་ཕྱོགས་འདིའི་རྗེ་བླ་མའི་བསྟན་པ་འཛིན་སྐྱོང་བྱེད་པའི་དགོན་སྡེ་ཐོག་མ་ཡིན་པ་མ་ཟད་ཕྱོགས་འདིའི་རི་བོ་དགའ་ལྡན་པའི་དགོན་སྡེ་ཐམས་ཅད་ཀྱི་དབུ་འཛིན་པའི་མ་དགོན་ལྟ་བུར་གྱུར་ཡོད་པས། དམིགས་བསལ་རྗེའི་བསྟན་པ་འཛིན་པའི་འགན་ཁུར་ཕྲག་ཏུ་བབས་ཡོད་པས་བསྟན་པ་སྤྱི་དང་བྱེ་བྲག་རྗེའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ་འབད་བརྩོན་ལྷོད་མེད་བྱེད་ཀྱིན་ཡོད་དོ།།
དེང་གི་ཆར་དགོན་པའི་ཆོས་འབྱོར་གྱི་མཐུན་རྐྱེན་དང་དགེ་འདུན་པ་དང་
སློབ་གཉེར་བའི་གྲངས་ནི།
ལབ་དགོན་པའི་འཚོ་བའི་མཐུན་རྐྱེན་གྱི་ཆ་རྐྱེན་ནི། སྤྱི་ཚོགས་རྙིང་པ་ནས་བཟུང་སྟེ་ད་ལྟའི་བར་དུ་གཙོ་བོ་རང་ཁ་རང་གསོ་དང་དེ་ཡང་སྤྱི་སོ་ཁག་བཞི་དང་བླ་བྲང་རྣམས་ཀྱིས་བྱེད་ལ། དེང་གི་དུས་སུ་སྐྱབས་རྗེ་ཁྲི་བ་རིན་པོ་ཆེ་རྗེ་བཙུན་བསོད་ནམས་རྩེ་མོས་བཀོད་སྒྲིག་མཛད་པ་བཞིན། ལབ་སྤྱི་སོ་ཚོང་དཔོན་དགེ་སློང་བསོད་ནམས་མཁས་གྲུབ་དང་། ཚོང་དཔོན་དགེ་སློང་བསོད་ནམས་རིན་ཆེན་སོགས་ཚོང་པ་རྣམས་ཀྱིས་ཚོང་ལས་ཀྱི་མཐུན་རྐྱེན་ལ་བརྟེན་ནས་གཙོ་བོར་འཚོ་ཐབས་བྱེད་ཀྱིན་ཡོད་ལ། དེ་ལྟར་ལབ་དགོན་པའི་ཚོང་པ་རྣམས་ཀྱིས་ཕྱིའི་རྒྱལ་ཁྲིམས་དང་མི་འགལ་ཞིང་ནང་གི་འདུལ་ཁྲིམས་མ་ཉམས་པའི་སྒོ་ནས་ཚོང་ལས་གཉེར་བའི་ཕྱག་ལས་ཤིན་ཏུ་བཟང་ལ་རྒྱ་ཆེན་པོ་ཞིག་བསྐྲུན་པ་འདི་ནི་མདོ་དབུས་ཁམས་གསུམ་དུ་མཚན་སྙན་ཤིན་ཏུ་ཆེ་ལ་ཆོས་བྱེད་དགོན་སྡེ་ཡོངས་ཀྱིས་མིག་དཔེ་ལྟ་འོས་པའི་བྱ་བ་བཟང་པོ་ཞིག་རེད། དགེ་འདུན་ཞལ་གྲངས་ལྟ་བུ་ལ་མཚོན་ན། དུས་ཕྱིས་ལབ་ཆོས་སྡེ་དགོན་པ་ཆོས་སྒོ་ཕྱེ་བ་ནས་བཟུང་སྟེ་དགེ་འདུན་འདུ་ཚོགས་ལོ་རེ་ནས་ལོ་རེར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ་ཁྱད་པར་དུ་ཕྱི་ལོ་༢༠༠༧་ནས་བཟུང་མདོ་དབུས་ཁམས་གསུམ་གྱིས་མཚོན་པའི་ཕྱོགས་ཡོངས་ནས་གྲྭ་རྒྱུན་འབྱོར་བའི་འགོ་རྩོམ་ནས་ད་ལྟའི་བར་དུ་དགེ་འདུན་པ་ཞལ་གྲངས་སྟོང་ཕྲག་གསུམ་ཙམ་འཕེལ་རྒྱས་སུ་བྱུང་ལ། ད་ལྟ་ཕྱི་ལོ་༢༠༡༧་གྱི་ལོ་འདི་ལ་མཚོན་ན། ད་ལྟ་དངོས་སུ་ཞལ་བཞུགས་ཡོད་པའི་དགེ་འདུན་པ་ཞལ་གྲངས་བརྒྱད་བརྒྱ་ལྷག་ཡོད་ལ་དེ་དག་ལས་ལས་སྣེ་དང་ཕྱག་ལས་གནང་མཁན་རྣམས་དང་རྒན་གོག་དང་ནད་པ་འགའ་ཞིག་མ་གཏོགས་ཐམས་ཅད་ཀྱིས་བསྟན་པ་དང་འགྲོ་བའི་འགན་ཁུར་ཕྲག་ཏུ་བཞེས་ཏེ་ཧུར་བརྩོན་ཆེན་པོའི་སྒོ་ནས་གཞུང་ཆེན་སློབ་གཉེར་བྱེད་དང་བྱེད་བཞིན་པའི་ལས་ལ་བྲེལ་བཞིན་ཡོད་པ་བཅས་འདི་ནི་ལབ་དགོན་པའི་བྱུང་བ་བརྗོད་པ་མདོར་བསྡུས་པའོ།།
འདུས་སྡེ་ཀུན་ཏུ་ཐོས་བསམ་བཤད་སྒྲུབ་ཀྱི།།
བྱ་བས་དུས་འདའ་ལོག་འཚོ་ཡོངས་སྤངས་པའི།།
དམ་པའི་མཁས་གྲུབ་རབ་ཏུ་འཕེལ་བ་ཡིས།།
འཛམ་གླིང་ས་ཆེན་རྟག་ཏུ་རྒྱས་གྱུར་ཅིག།
ཕན་བདེའི་འབྱུང་གནས་བསྟན་པ་དར་ཞིང་རྒྱས།།
བསྟན་འཛིན་སྐྱེས་བུ་ཐམས་ཅད་སྐུ་ཁམས་བཟང་།།
ལུས་ཅན་ཀུན་ལ་བདེ་སྐྱིད་འབྱུང་བའི་གནས།།
སངས་རྒྱས་བསྟན་པ་རྟག་ཏུ་རྒྱས་གྱུར་ཅིག
བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདིས།།
བསྟན་དང་འགྲོ་བ་ཀུན་ལ་གང་ཕན་དང་།།
ཁྱད་པར་རྗེ་བཙུན་བློ་བཟང་གྲགས་པ་ཡི།།
བསྟན་པའི་སྙིང་པོ་རིང་དུ་གསལ་བྱེད་ཤོག།
མདོར་ན་དཔལ་ལྡན་བླ་མའི་སྐུ་ཚེ་བརྟན།།
མཁས་བཙུན་བསྟན་འཛིན་དམ་པས་ས་སྟེང་གང་།།
བསྟན་པའི་སྦྱིན་བདག་མངའ་ཐང་དར་བ་ཡིས།།
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།
གངས་རིའི་རྭ་བས་བསྐོར་བའི་ཞིང་ཁམས་སུ།།
ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།།
སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།།
ཞབས་པད་སྲིད་མཐའི་བར་དུ་བརྟེན་གྱུར་ཅིག།
བཀྲ་ཤིས་དགེའོ།།།།