
དེའང་གུ་གེ་པུ་རང་ནས་སོག་ལ་སྐྱ་བོའི་ཡན་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ། སོག་ལ་སྐྱ་བོ་ནས་རྨ་ཆུ་ཁུག་པ་ཡན་མདོ་སྟོད་མགོ་ནག་མི་ཡི་ཆོལ་ཁ། རྨ་ཆུ་ཁུག་པ་ནས་རྒྱ་ཡི་མཆོད་རྟེན་དཀར་པོ་ཡན་མདོ་སྨད་རྟ་ཡི་ཆོལ་ཁ་སྟེ་མི་རྟ་ཆོས་གསུམ་གྱི་ཆོལ་ཁ་ཞེས་ཡོངས་སུ་གྲགས་པའི་ཡ་གྱལ་མདོ་སྟོད་མགོ་ནག་མི་ཡི་ཆོལ་ཁའི་མངའ་ཁོངས་སུ་གཏོགས་པའི་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་བར་མ་ཆད་པར་བྱོན་པའི་སྒོམ་སྡེའི་ས་སྐྱོང་ཆེན་པོ་ནང་ཆེན་ཆོས་ཀྱི་རྒྱལ་པོ་དེ་ཉིད་ཀྱི་ལྷ་རིགས་གདུང་རྒྱུད་གང་ལས་ཆད་པ་ཡིན་ཞེ་དེ་ཡང་རྒྱལ་རབས་འབེལ་གཏམ་ལས། རུས་ཆེན་དྲུག་ལས་འགྲན་བྲལ་ཨ་ལྕགས་འབྲུ། །དཔའ་མཛངས་འཕྲུལ་གྱི་རྩལ་དྲུག་ལུས་ལ་རྫོགས། །ཆེན་པོའི་ལུང་དང་ལག་རྟགས་གཡུ་རལ་རྒྱས། །མདོ་ཁམས་གངས་རིར་འགྱིང་བའི་སེང་གེ་མཆོག།།ཅེས་འབྱུང་བ་ལྟར་བོད་མིའུ་གདུང་དྲུག་གི་ནང་ནས་ཨ་ལྕགས་འབྲུ་སྟེ། ཇི་སྐད་དུ། ཡིག་ཚང་མཁས་པ་སྒ་ལ་ཡོད། །དཔའ་གཡེར་ཨ་ལྕགས་འབྲུ་ལ་ཡོད། །ཆེ་རྒྱུད་སྨུག་པོ་ལྡོང་ལ་ཡོད། །མང་སྣ་སེ་ཆུང་དབྲ་ལ་ཡོད། །ཅེས་དང་། དེ་བཞིན་དུ། མིའུ་གདུང་དྲུག་གི་རུས་མཛོད་ལས། རི་རྩ་བ་གསུམ་དེ་འབྲུ་ལ་ཐོབ། །འབྲུས་རྒྱལ་ས་ནོན་པ་དེ་ཡི་དོན། །ཞེས་གསུངས་པའི་ཨ་ལྕགས་འབྲུ་ཡི་གདུང་རིགས་ནི། ཇི་སྐད་དུ། འབྲུ་ཡིས་འབྲི་མོ་ཁྲོམ་ཁྲོམ་ཐོབ། །ཅེས་ཁྲི་དོ་ཆེན་མོའི་བུ་གསུམ་པ་ཨ་ལྕགས་འབྲུ་ལ་འབྲི་མོ་ཁྲོམ་ཁྲོམ་ཞེས་པའི་ས་ཆ་<<དེང་སང་འཇོ་མདའ་རྫོང་ས་དཀར་ཡུལ་ཚོའི་ཁོངས་གཏོགས་འབྲུ་ཁོག་ཞེས་པའི་ལུང་པ་དེ་ཡིན་པར་སྣང་། རབ་བརྟན་དགེ་ལེགས་ཕུན་ཚོགས་ཀྱིས་རྩོམ་བྲིས་གནང་བའི་(མདོ་ཁམས་གླིང་ཡུལ་ཞིབ་ཉུལ)ཞེས་པ་ལས། ལུང་པ་དེ་ཡི་འབྲུ་མདའི་ལམ་ཟུར་ན་འབྲུ་སྟག་རྒོད་གམ་འབྲུ་རྒན་སེ་བོའི་མཁར་ཤུལ་མིང་ལ་རྫོང་སྟག་མ་ཟེར་བའི་མཁར་ཤུལ་ཞིག་རོར་སོང་བའི་ས་འབུར་དང་། མཁར་མགོ་དགོན་པའི་མདུན་ཐད་ཀྱི་ལམ་ཆེན་གཡས་ལྟག་ལ་སྟག་རྒོད་བྲག་ཟེར་བའི་བྲག་དེལ་རྒྱབ་ན་འབྲུ་སྟག་རྒོད་ཀྱི་མཁར་ཤུལ་དངོས་སུ་ཡོད་པ་དང་། འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་གི་སྐུ་མཁར་ཕོ་བྲང་ཆེན་པོ་གསེར་ལུང་དགུ་རྫོང་ངམ་བྱ་ནག་ལྡིང་རྫོང་དུ་གྲགས་པ་སོགས་ཀྱི་ཤུལ་ད་ལྟའི་བར་དུ་བཞུགས་ཡོད་པ་སོགས་གསལ་པོར་གསུང་འདུག་པས་ཤེས་ནུས།>>དེ་ཐོབ་པ་ཡིན། གཞན་ཡང་ནང་ཆེན་དབང་དྲག་རྒྱལ་པོའི་འབྲོང་པའི་རྟོགས་བརྗོད་ལས། དེ་ཡང་མིའུ་རུས་དྲུག་དང་། །འདྲེས་མ་སྣ་ཚོགས་བྱུང་བ་ལས། །འདིར་ནི་བོད་ཀྱི་མི་རྒྱུད་ལས། །རིམ་པར་འཕོས་པའི་སྙིང་སྟོབས་ཅན། །དྲག་པོ་ཐོག་རྒོད་བུ་དྲུག་གིས། །བདུད་ལ་ཕ་ཤ་ལེན་དུ་སོང་། །གཅེན་པོས་བདུད་བཏུལ་ཡིག་ཚང་དང་། །བདུད་ཀྱི་ལས་ཀ་བཅོ་བརྒྱད་བླངས། །གསེར་གྱི་ཁྲི་ལ་ཧོར་སྟེགས་ཀྱིས། །འབྲུ་འབྲུ་བྱས་པས་འབྲུ་ཞེས་གྲགས། །དེ་ལས་རིམ་པར་མཆེད་པ་ལས། །ཨ་ལྕགས་འབྲུ་ཡི་གདུང་རབས་དང་། །ཨ་ཡ་མེད་པའི་མི་དྲུག་དང་། །གཏའ་མ་ལེན་པའི་མི་དྲུག་བྱུང་། །ཡ་མེད་བརྒྱད་ཀྱི་ནང་ཚན་དང་། །རྭ་ཅོ་ཅན་ནི་བཅོ་བརྒྱད་སོགས། །རིམ་པར་འབྲུ་ཡི་མི་རྒྱུད་ལ། །ཕྱོགས་ཀྱི་དྲེགས་ལྡན་ཐམས་ཅད་ཀྱིས། །གུས་པའི་གདོང་པ་དེར་ཕྱོགས་ནས། །སོར་བཅུ་སྙིང་གར་ཟུམ་པར་བྱས། །ཞེས་བྱུང་བ་ལྟར། གནམ་ལ་འགྲོ་ཤེས་སོགས་ཀྱི་ངོ་མཚར་བ་བརྒྱད་དང་། བཙན་ལ་ཡ་མེད་སོགས་དཔའ་རྒྱུགས་བརྒྱད་ཀྱི་གྲགས་པས་ཁྱབ་པ་ཨ་ལྕགས་འབྲུ་ཡི་གདུང་རབས་དེ་དག་གི་ནང་ནས། དེ་ཡང་ཇི་སྐད་དུ། དཔའ་རྒྱ་སྟག་མཆེ་སྡེར་མ་ཉམས་པ། །ཨ་ལྕགས་འབྲུ་ཡི་བུ་རྒྱུད་ཡིན། །ཞེས་གྲགས་པ་ལྟར། འབྲུ་རྗེ་ལྷ་བུ་ཐོད་དཀར་གྱིས། བདུད་མི་ནག་རྔམས་པ་དང་། བདུད་ཁྱབ་པ་ལག་རིང་། སྲིན་པོ་ཁྲག་མིག་གཙོས་ནག་པོའི་རྩ་ལག་ཁ་བཏགས་པར་བྱས། དུང་གི་ལུ་གུ་འབའ་ཤེས་དང་། གཡུ་ཡི་ནེ་ཙོ་སྨྲ་ཤེས་སོགས། བདུད་ཀྱི་ཕ་ཟོག་བཅོ་བརྒྱད་དྲག་པོའི་དཔུང་གིས་འཕྲོག དཀར་ཕྱོགས་རྒྱལ་བའི་རུ་མཚོན་བསྒྲེངས། ལས་དབང་བསོད་ནམས་ཀྱི་མེ་ཏོག་ལ་སྙན་པའི་དྲི་བསུང་ཅི་ཡང་དར་བར་གྱུར། འབྲུ་རྗེ་ལྷ་བུ་ཐོད་དཀར་རམ་འབྲུ་སྟག་རྒོད། འབྲུ་རྒན་སེ་བོ་སོགས་ནི་མིང་གི་རྣམ་གྲངས་དུ་མར་ལྡན་པ་དེ་ཉིད་ཀྱི་རྒྱུད་ལས་འབྲུ་མི་འགྱུར་ཐར་པའི་གནས་བརྒྱད་སོགས་འབྲུ་རིགས་རྣམས་འཕེལ་བ་སྟེ། མི་རྩ་དེ་ནས་རིམ་པར་བརྒྱུད་དེ་འབྲུ་སྟག་རྒོད་བྱ་བ་འབྱོར་ཕྱུག་དང་ལྡན་པ་ཞིག་བྱུང་། དེའི་རིགས་བསྐྲུན་པའི་སླད་དུ། རོང་བཟའ་ཆུང་མར་བསུས་ནས་མཚན་མོར་བུ་སྐྱེས་པའི་མིང་ལ་ཉི་མ་ནག་པོ་བཏགས། དེ་རྗེས་ཐོ་རེངས་བུ་སྐྱེས་པའི་མིང་ལ་ཉི་མ་ཁྲ་བོ་བཏགས། དེ་རྗེས་ཉིན་མོར་བུ་སྐྱེས་པའི་མིང་ལ་ཉི་མ་དཀར་པོ་བཏགས་པས། འབྲུ་ཉི་མ་དཀར་ནག་ཁྲ་གསུམ་ཞེས་གྲགས་པ་དེ་བྱུང་།
དེ་ལས་དང་པོ་འབྲུ་ཉི་མ་ཁྲ་བོའི་རིགས་ལ་<<བུ་གཉིས་བྱུང་བ་ལས་>>ཆེ་བའི་རིགས་ལས་འོ་གྲོ་དཀར་པོའི་འབྲུ་ཡི་རིགས་བྱུང་། <<མི་རྒྱུད་དེར་ཆོས་རྒྱལ་སྲོང་བཙན་སྒམ་པོོའི་བཀའ་ཡི་འཕྲུལ་བློན་མི་བཞིའི་གྲས་འབྲུ་སེ་རུ་གོང་སྟོན་སོགས་ཀྱི་རྒྱུད་པ་མང་དུ་འཕེལ་སྐད་>> གཞན་ཡང་<<ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་ཆོས་བློན་འབྲུ་པདྨ་གུང་བཙན་སོགས་དཔའ་མཛངས་སྟོབས་ཀྱི་རལ་གྲིས་གནམ་ས་ཕྱེད་དུ་གཤགས་མཁན་མང་པོ་དང་།>> འབྲུ་སྲས་ཆུང་བའི་རིགས་ལས་ས་སྐྱ་འཁོན་གྱི་གདུང་རིགས་རྣམས་བྱུང་ཚུལ་བཤད།
གཉིས་པ་འབྲུ་ཉི་མ་ནག་པོའི་རྒྱུད་ལས་ཉག་རེ་སེ་བོའི་འབྲུ་དང་སྙི་བ་དཀར་ནག་གི་འབྲུ་དང་། འབྲོམ་རྗེ་དཀར་པོའི་འབྲུ་སོགས་འབྲུ་མི་འགྱུར་ཐར་པའི་གནས་བརྒྱད་དུ་གྲགས་པ་རྣམས་<<རྒྱལ་རབས་ཡ་རབས་རྣ་རྒྱན་ལས། འདིའི་རིགས་ལས་འབྲོམ་སྟོན་པ་སོགས་མཁས་གྲུབ་མང་པོ་བྱུང་པར་བཤད་དོ་ཞེས་གསུང་།>>བྱུང་བར་བཤད་དོ།།
གསུམ་པ་འབྲུ་ཉི་མ་དཀར་པོའི་གདུང་རྒྱུད་ནི། ཏྲེ་རབས་ལས། འབྲུ་རྗེ་ཉི་མ་དྲི་མེད་ལས། །རྒྱལ་རབས་དགུ་བཅུ་གོ་བརྒྱད་འཕེལ། །ཕྱེད་དེ་ལྷ་ཡི་གདུང་རྒྱུད་ཡིན། །ཞེས་བྱུང་བ་ལྟར་འབྲུ་རྗེ་ཉི་མ་དྲི་མེད་ནི་མུན་ནག་གི་རབ་རིབ་ཀྱི་དྲི་མ་མེད་པ་དཀར་པོ་ཞེས། གནད་གཅིག་ཏུ་ཤེས་དགོས་ལ་འབྲུ་རྗེ་དེ་ལས་མཆེད་པའི་འབྲུ་ཡི་རྒྱལ་རབས་དགུ་བཅུ་གོ་བརྒྱད་བྱུང་བ་ཡིན་ལ། དེ་ཡང་འབྲུ་རྗེ་ཉི་མ་དཀར་པོའམ་ཉི་མ་དྲི་མེད་ལ་སྲས་གསུམ་བྱུང་བའི་ཆེ་བ་ལ་དཔའ་བོ་སོ་གད། འབྲིང་བ་ལ་ཡ་གད། ཆུང་བ་ལ་མ་གད་ཅེས་བཏགས།
དེ་དག་ལས་དང་པོ་འབྲུ་བུ་ཆེ་བ་སོ་གད་ནི། རུས་མཛོད་ལས། སྲས་ཆེ་བའི་རིགས་ལ་སྐྱུ་ར་བྱུང་། །འདན་སྟོད་བྲག་རྩ་སྐྱུ་རས་བཟུང་། །སྐྱུ་ར་མི་འགྱུར་འབྲུ་ཞིག་ཡིན། །བྲག་རྩ་མི་འགྱུར་གནས་ཤིག་ཡིན། །ཞེས་བྱུང་བ་ལྟར་སྲས་ཆེ་བ་སོ་གད་ཀྱི་རིགས་ལས་སྐྱུ་རའི་གདུང་རྒྱུད་བྱུང་སྟེ་ས་གནས་<<ལྡན་དང་འདན་ཅི་རིགས་བྲིས་འདུག་ཀྱང་སྒ་ལྡན་སྐྱུར་གསུམ་ཞེས་པའི་ལྡན་ནི་ལ་ལྡན་ཡིན་པར་སྣང་>>ལྡན་སྟོད་བྲག་རྩ་སྟེ་དེང་སང་ནང་ཆེན་དེའུ་ཆིམ་ཉེར་ལྔའི་ནང་ཚན་སྒ་ལྡན་སྐྱུར་གསུམ་ཞེས་གྲགས་པ་དེར་བཟུང་བའི་སྐྱུ་རའི་མི་རྒྱུད་ནི་བོད་ཀྱི་རིགས་ཆེན་བཞིའི་ནང་ནས་འབྲུ་ཡི་རིགས་མི་འགྱུར་བ་དེ་ཡིན་པར་མངོན། རྟེན་གཞི་བྱེད་པའི་ས་གནས་ཀྱང་ལྡན་གྱི་བྲག་རྩ་དེ་ཉིད་མི་འགྱུར་བ་སྟེ་གནའ་ནས་གཏན་འཁེལ་བ་ཡིན་ཞེས་སོ།།
གཉིས་པ་འབྲུ་བུ་འབྲིང་བ་ཡ་གད་ནི། རུས་མཛོད་ལས། འབྲིང་པོའི་བུ་ལ་གོ་བོ་བྱུང་། །བྱང་ཁྲི་ལམ་སྐྱ་མོ་གོ་བོས་བཟུང་། །གོ་རྗེ་དཀར་པོ་འབྲུ་ཞིག་ཡིན། །ཁྲི་ལམ་མི་འགྱུར་གནས་ཤིག་ཡིན། །ཞེས་པ་ལྟར་དཔའ་བོ་ཡ་གད་ལ་བུ་གོ་བོ་ཞེས་པ་ཞིག་བྱུང་བ་དེས། དེང་སང་འབྲུ་ཆུའི་ནུབ་རྒྱུད་ཀྱི་སྨར་ཁམས་གོ་བོ་ཞེས་གྲགས་པའི་ས་དེ་ཐོབ་པ་ཡིན། བྱང་རྒྱུད་ཁྲི་ལམ་སྐྱ་མོ་ཞེས་དེང་སང་གི་ཇུས་མཚོ་མོ་ཁའི་ཉེ་འགྲམ་རྡོ་ཁྲི་འགག་ཅེས་རྡོ་ལོག་ཁྲི་ཕྲག་སྤུངས་པའི་ཉེ་འདབས་ཀྱི་རྒྱ་ལམ་སྐྱ་མོའི་སྣེ་མོ་གང་དུ་ཟུག་པའི་ས་ཁྱོན་ཀུན་བུ་གོ་བོས་བཟུང་། དེས་ན་གོ་རྗེ་དཀར་པོ་ཉིད་འབྲུ་བྱེ་བྲག་པ་ཞིག་གི་རིགས་ཡིན་ལ། ཁྲི་ལམ་གྱི་ས་ཁུལ་རྣམས་གོ་རྗེ་འདིས་བདག་པའི་མི་འགྱུར་བའི་གནས་ཤིག་ཡིན་ཞེས་པའོ།།
གསུམ་པ་འབྲུ་བུ་ཆུང་བ་མ་གད་ནི། རུས་མཛོད་ལས། ཆུང་བའི་རིགས་ལ་ཏྲེ་བོ་བྱུང་། །ཏྲེ་མ་ཐང་ཚོང་འདུས་ཏྲེ་བོས་བཟུང་། །ཏྲེ་རྗེ་སེ་བོ་འབྲུ་ཞིག་ཡིན། །ཚོང་འདུས་མི་འགྱུར་གནས་ཤིག་ཡིན། །ཞེས་བྱུང་བ་ལྟར་འབྲུ་ཉི་མ་དཀར་པོའི་བུ་ཆུང་བ་མ་གད་རིགས་ལ། བུ་ཏྲེ་རྗེ་སེ་བོ་ཞེས་བྱ་བ་བྱུང་། དེ་ཆེར་སྐྱེས་པ་ན་ཏྲེ་མ་ཐང་ཚོང་འདུས་ཏེ། ད་ལྟའི་བྲག་མགོ་རྫོང་ཁོངས་བྲེ་བོ་(ཏྲེ་བོ)ཡན་ཆད་བུ་ཏྲེ་བོས་བཟུང་བ་ཡིན། དེ་ལྟར་འཛིན་མཁན་ཏྲེ་རྗེ་སེ་བོ་ནི་འབྲུ་ཡི་རིགས་ཏེ། འབྲུ་བཙན་པོའི་གདུང་རྒྱུད་དེས་ཏྲེ་རབ་ཁ་མི་ཡི་གནས་གཞི་ཟེར་བ་དེ་བཟུང་བ་ཡིན། ཏྲེ་ལ་ཉིན་མོ་དང་སྲིབ་མོ། རྩེ་བ་དང་ཤོད་པ། སྟོང་པ་དང་མེད་པ། ཚོང་འདུས་མཎྜལ་སྟེང་དང་བདུན་ཡོད་པ་ཡང་། ཏྲེ་རབས་ལས། འབྲུ་ཏྲེ་བོ་སྟག་གི་བྱ་རོག་དང་། །མཛེས་པ་ཕྱི་ཡི་རི་མོ་དང་། །མོན་པ་མཆེ་སྡེར་ཡ་མེད་དང་། ཙུན་པ་ཏྲེ་བོ་སྟག་དམར་བཞི། གནས་མཎྜལ་མཐིལ་དུ་མཛོམས་ས་ཡིན། །རྒྱལ་པོའི་དུས་ཀྱི་ལས་ཀ་ལ། །ཡུལ་ཆེན་སྐྱོང་བའི་བདག་པོ་ཡིན། །རྒོད་པོ་བརྟུལ་བའི་གཤེད་མ་ཡིན། །ཉམ་ཆུང་སྐྱོང་བའི་ཕ་མ་ཡིན། །གནམ་ལྷ་ཆོས་དཀར་པོའི་གཞུང་ཤིང་ཡིན། །ཏྲེ་ཉིན་ལ་མི་ཡི་ཚོགས་ས་ཡིན། །སྲིབ་ལ་ནོར་གྱི་གཏེར་མཛོད་ཡོད། །ས་མདོ་མཁར་གྱི་ཁ་བད་མཐོ། །ཕུ་ལ་འབྲོག་རུ་འཛོམས་ས་ཡིན། །ཤོད་ལ་འབྲུ་དྲུག་སྨིན་ས་ཡིན། །ཏྲེ་རབ་ཁ་ཁྲིམས་ཀྱི་གཅོད་ས་ཡིན། །གནས་མཎྜལ་ཚོང་འདུས་སྤྲོད་ས་ཡིན། །སྐད་རིགས་མི་གཅིག་སྣ་དགུ་འཚོགས། །ཞེས་གསལ་ལ། དེ་ལ་ལས་ཀ་ཐོབ་པའི་མི་གསུམ་བྱུང་སྟེ། ཏྲེ་རབས་ལས། ཏྲེ་རབ་ཁ་ཁྲིམས་ཀྱི་གནས་གཞི་ལ། །ལས་ཀ་ཐོབ་པའི་མི་གསུམ་བྱུང་། །ཏྲེ་བོ་ཐང་ཆེན་ཨམ་འབར་དེ། །ཁྲིམས་ར་བཅུ་ཡི་མགོ་གནོན་ཡིན། །ཁྲི་དཔོན་ཉི་མ་དཀར་ལེབ་དེ། །རུ་བཞི་དམག་གི་དཔུང་གནོན་ཡིན། །སྤྱི་ཕུད་འཁོར་ལོ་བཟང་པོ་དེ། །གནམ་བསྐོས་ཆེན་པོའི་ནང་བློན་མཛད། །ཅེས་སོགས་གསུངས་པ་བཞིན། འབྲུ་རྗེ་དེ་ལ་ལས་ཀ་ཐོབ་པའི་མི་གསུམ་ཡོད་པ་ལས། ཐང་ཆེན་ཨ་འབར་བྱ་བས་ཁྲི་སྐོར་བཅུ་གཉིས་དཔོན་པོ་བྱས། དཀར་ཆུང་ཉི་མས་སྡང་དགྲ་ཆམ་ལ་ཕབ། སྤྱི་ཕུད་འཁོར་ལོ་བཟང་པོས་<<གནམ་བསྐོས་གོང་མ་སྲོང་བཙན་གྱི་ནང་བློན་ཡིན་ཚུལ་དང་། རྒྱ་ནག་རྒྱལ་པོའི་ནང་བློན་ཡིན་ཚུལ་སོགས་ཅི་རིགས་བཤད་མཁན་འདུག་ཀྱང་། གུས་པས་དཔྱད་ན་ཨ་ལྕགས་འབྲུ་ཡི་གདུང་རིགས་འདི་བོད་ཀྱི་རུས་ཆེན་བཞི་ཡི་ཡ་གྱལ་འབྲུ་ཡི་གདུང་རིགས་དེ་ལས་བྱུང་བ་བོད་རྒྱལ་སྲོང་བཙན་གྱི་མེད་ཐབས་མེད་པའི་བློན་པོ་བཞི་སྟེ། མཁས་པ་ཐོན་མི་སམ་བྷོ་ཊ། མགར་སྟོང་བཙན། འབྲུ་ཡི་སེ་རུ་གུང་སྟོན། ཉང་གི་ཁྲི་བཟང་བཞི་ཡི་ཡ་གྱལ་འབྲུ་སེ་རུ་གུང་སྟོན་དང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་ཆོས་བློན་འབྲུ་པདྨ་གུང་བཙན་སོགས་ཨ་ལྕགས་འབྲུ་ཡི་རིགས་མ་ནོར་བ་རྣམས་ལ་བཙན་པོའི་རྒྱལ་རབས་སྐབས་སུ་བློན་ཆེན་གྱི་གོ་ས་ཡོད་པ་སོགས་ལ་དཔག་ན་སྲོང་བཙན་གྱི་སྐབས་མཐའི་སོ་ཁ་སྲུང་བའི་ཕྱིར་བོད་ཀྱི་ནུབ་བྱང་ནས་བྱང་ཤར་བར་གྱི་ས་མཚམས་སྲུང་བའི་སྟོད་སྨད་བར་གསུམ་གྱི་དམག་སྡེ་ཁག་གསུམ་ལ་དཔའ་སྡེ་གསུམ་གྱིས་མཐའ་ཡི་སོ་ཁ་སྲུང་ཞེས་པའི་དམག་གི་སྒྲིག་འཛུགས་ཡོད་པར་བཤད་པས་དཔའ་སྡེ་གསུམ་ལས་བར་གྱི་དཔའ་སྡེ་ཡིན་པར་མངོན་འདུག་བསམ།>>གནམ་བསྐོས་ཆེན་པོའི་ནང་བློན་བྱས། དེ་གསུམ་ལས་སྤྱི་ཕུད་འཁོར་ལོ་བཟང་པོའི་བུ་ནོར་བུ་བཟང་པོ། དེའི་བུ་གཞོན་ནུ་བཟང་པོ། དེའི་བུ་ལྷན་པ། དེའི་བུ་སྤྲོས་མཆོག དེའི་བུ་ལྷ་མཆོག དེའི་བུ་ཡུལ་བ། དེ་ཡང་འབའ་རོམ་ནང་སོ་རི་ཁག་བཅོ་བརྒྱད་ཀྱི་འབྱུང་ཁུངས་གསལ་བྱེད་སྟག་གི་གཟུགས་འཛིན་དབང་པོའི་ལྕགས་ཀྱུ་ལས། ལྷ་མཆོག་བུ་ཡུལ་བ། དེའི་བུ་བཙུན་པ། དེའི་བུ་དགུ་ཡོད་པ་དེ་ཡང་། གཅེས་དང་ཡག་དང་མཛེས་དང་གསུམ། །ལོད་པོ་ཀླུ་བཙན་གཉན་པ་དྲུག །ཨ་ཆེན་བེ་ཡམ་སྡེ་བ་དགུ །དེ་ལས་མཛེས་པའི་བུ་རྩང་ཀུན། དེའི་བུ་ཁྱབ་པ། དེའི་བུ་ཡུལ་སྲུང་། དེའི་བུ་དྲག་པོ་སྐྱབས་ཞེས་གསལ། དེའི་བུ་ཐོག་འཕེན། དེའི་བུ་ཀརྨ་དྲག དེའི་བུ་སྤྲིན་ཕྱུག དེའི་བུ་ཐང་པོ། དེའི་བུ་བརྟན་པ། དེའི་བུ་བློ་གྲོས་འོད་ཟེར། དེའི་བུ་འབབ་པ། དེའི་བུ་ཏིང་ཆེན། དེའི་བུ་ཀརྨ་མཛེས། དེའི་བུ་སེང་གེ་གྲགས། དེའི་བུ་དམག་དཔོན་འོད་ཟེར། དེའི་བུ་ཨ་མྱེ་མགོན་ཡག དེའི་བུ་གསེར་གཡུ་ངང་གྲགས། དེའི་བུ་ལེགས་པ་དབང་ཕྱུག དེའི་བུ་ལེགས་པ། དེའི་བུ་དྲག་པོ་གོ་ཅན། དེའི་བུ་དམར་བྱ་མཛེས་པ། དེའི་བུ་ཞི་བ། དེའི་བུ་མ་ལྷ། དེའི་བུ་མངའ་བདག དེའི་བུ་རྗེ་བོ། དེའི་བུ་ཆོས་འཕགས། དེའི་བུ་མདོ་མང་། དེའི་བུ་སྡེ་ལྔ། དེ་ལ་བུ་བཞི་ཡོད་པ་ནི། ཨ་སྟག སེང་འཕེན། འབྲུག་སྲས། རྒོད་པོ་འབར་ཏེ་བཞི་ལ་<<བླ་མ་ཀརྨ་ཕྲིན་ལས་ཀྱིས་རྩོམ་བྲིས་གནང་བའི་རྒྱལ་རབས་ཡ་རབས་རྣ་རྒྱན་ལས་>>ནང་ཆེན་གཉའ་བོ་ཁག་བཞི་ཟེར།<<ཞེས་གསུང་།>> ཨ་སྟག་གི་བུ་ཐང་ཆེན་བསོད་རྒྱལ། དེའི་བུ་ཤེལ་འོད། དེའི་བུ་ཨ་འབར། སེང་གེ་འཕེན་གྱི་བུ་ཁྲི་དཔོན་ལ་གྲག དེའི་བུ་བཙན་པོ། དེའི་བུ་སྐར་ཆུང་ཉི་མ། འབྲུག་སྲས་བུ་སྤྱི་ཕུད་སངས་རྒྱས་དབང་ཕྱུག དེའི་བུ་ཡོན་འབྱུང་། དེའི་བུ་དཔོན་དཀར་དང་། འཁོར་ལོ་བཟང་པོ་གཉིས། རྒོད་པོ་འབར་གྱི་བུ་དོན་ཡོད་ཚུལ་ཁྲིམས་འོད་ཟེར། དེའི་བུ་ལྕགས་ལྷ། དེའི་བུ་ཞྭ་དཀར་པོ་དང་། དར་མ་གཉིས། ཞྭ་དཀར་གྱི་སྲས་དགེ་མཐོང། དེའི་སྲས་ཁྲི་དར་སེང་གེ དེས་གླིང་ཟ་ཨ་རྡོར་མ་བླངས་པ་ལ། ཏྲེ་བོ་ཨ་ཀླུ་འཁྲུངས། དེས་བཙུན་མོ་གཉིས་བཞག་པ་ལས་བཙུན་མོ་ཆེ་བ་མཛོ་རོག་བཟའ་ལ་བུ་རྡོ་རྗེ་འཕགས་དང་རྡོ་རྗེ་བརྟན་ཡུམ་སྲས་ཀྱིས་ཀྲེ་རབས་ཁ་བཟུང་བ་ཡིན་ནོ།