ནང་ཆེན་རྒྱལ་པོ་དཀོན་མཆོག་རྒྱལ་པོ་ལ་བཙུན་མོ་གསེར་བཟའ་ལ་སྲས་གཉིས་བྱུང་བའི་ཆེ་བ་ལ། སྔོན་འབྲི་གུང་སྐྱབས་མགོན་དཀོན་མཆོག་རཏྣས། འདི་ལ་སྲས་མཚན་ལྟས་བཟང་པོ་ཅན་ཞིག་འབྱུང་བ་སོགས་ལུང་བསྟན། མཚན་ཚེ་དབང་མཐར་ཕྱིན་དུ་འདོགས་དགོསཞེས་ལུང་བསྟན་བསྩལ་བའི་ལུང་དོན་དང་མཐུན་པར་བྱུང་བས་མཚན་ཚེ་དབང་ཕྲིན་ལས་མཐར་ཕྱིན་དང་། ཆུང་བར་དཔལ་ལྡེའུ་བཙན་ཞེས་པ་གསོལ། སྲས་ཆེ་བ་ཚེ་དབང་མཐར་ཕྱིན་དགུང་ལོ་བརྒྱད་ནས་སྲིད་ཁྲིར་འཁོད། རིག་པའི་གནས་ཐམས་ཅད་ལ་མཁས་པར་སྦྱངས། དགུང་ལོ་ཉི་ཤུར་ཕེབས་ཚེ་སོག་གུ་ཤྲཱི་ཧན་ཨོ་རོད་རྒྱལ་པོའི་སྲས་བསྟན་འཛིན་དཱའི་ཆིང་གི་མདུན་སར་ཕེབས། ཨི་ཇི་ཐའི་ཇིའི་ཆོ་ལོ་དང་འཇའ་ས་ཤེ་བམ་བསྩལ་ཞིང་མདོ་སྟོད་ཡུལ་ཁམས་སྤྱི་ཡི་རྗེ་བོར་ལུང་བབས། དེ་རྗེས་ལྷ་ལྡན་གཙོས་དབུས་ཕྱོགས་ཀྱི་རྟེན་གཟིགས་ལ་ཕེབས་སྐབས་ ༧ གོང་ས་རྒྱལ་དབང་བདུན་པ་སྐལ་བཟང་རྒྱ་མཚོ་དང་་སོགས་མཇལ་བཅར་ཞུས། རྒྱལ་མཆོག་བདུན་པས་བློ་བཟང་དཔལ་འབར་ཞེས་པའི་ཆོ་ལོ་དང་བཅས། ཤེ་བམ་སྔ་ཕྱི་ལེ་ཚན་རྣམས་ཀྱི་རྒྱབ་སྣོན་བསྩལ། སོག་པོའི་ཐོབ་མིང་ལ་བརྟེན་ནས་ཕྱིས་ནང་ཆེན་ཐའི་ཇི་ཞེས་གྲགས་པ་བྱུང་སྐད། རྒྱལ་པོའི་འདི་ཡིས་ཡང་ཟབ་ཚེས་བཅུའི་སྒྲུབ་ཆེན་གཡེར་ཆེན་སྒར་དང་། རྫ་ར་རུ་སྒར་སོགས་ལ་འཛུགས་པའི་མཐུན་སྦྱོར་གྱི་ཡོན་བདག་འགན་བཞེས་མཛད། རྗེ་བླ་མས་རཏྣའི་གཏེར་བྱོན་གུ་རུའི་སྐུ་ཚབ། མཚན་བརྒྱད་ཞལ་ཐང་བརྒྱད། གུ་རུའི་རྣམ་ཐར། སྐུ་བེར་སོགས་གནང་ནས་མ་འོངས་པར་ཚེས་བཅུ་འཛུགས་པའི་ལུང་བསྟན་གནང་། གསེར་དངུལ་སྤེལ་མས་བྲིས་པའི་བཀའ་བསྟན་གྱིས་གཙོས་གླེགས་བམ་སྟོང་ཕྲག་བརྒལ་བ་དང་། གསེར་ཟངས་ཀྱི་སངས་རྒྱས་སྟོང་སྐུ་སོགས་རྟེན་གསུམ་ཁྱད་པར་ཅན་མང་དུ་བཞེངས། རྗེ་འདི་པ་བཅུ་ཕྲག་རིག་པའི་གནས་ལ་མཁྱེན་པ་སད་ཅིང་འདུལ་འཛིན་དང་སྔགས་པ་མང་པོ་བསྐྱངས་པས་སེར་སྐྱ་མཆོག་དམན་ཀུན་གྱིས་དད་གུས་དང་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། གསུང་རྩོམ་གྱི་རིགས་མང་དུ་ཡོད་འདུག་ཀྱང་ད་ལྟ་མཐོང་ཡུལ་དུ་མ་གྱུར། མཐར་དགུང་གྲངས་སོ་བདུན་ཐོག་སྐུ་གཤེགས་པ་ཙམ་ལས་འཁྲུངས་འདས་ཀྱི་ལོ་ཚིགས་དངོས་སུ་མི་གསལ་ཡང་དཔྱད་ན་རབ་བྱུང་བཅུ་གཉིས་པའི་ནང་སྐོར་ཙམ་ཡིན་པ་མཐོང་ཐུབ་བོ།།