ནང་ཆེན་རྒྱལ་པོ་དོན་གྲུབ་ལྷ་རྒྱལ་གྱི་སྲས་ཆིང་ཧུ་མི་རྗེ་དབང་དྲག་ཚེ་རིང་ལྷ་རྒྱལ་ནི། དེའང་ཀརྨ་པ་ལྔ་པ་དེ་བཞིན་གཤེགས་པའི་ལུང་བསྟན་ལས། སྒོམ་སྡེའི་ནང་དུ་སྤྱན་རས་གཟིགས། །སྤྲུལ་པའི་འོད་ཟེར་ཆ་ཤས་ཤིག །སྦས་པའི་ཚུལ་གྱི་རྒྱལ་པོར་འོང་། །དེ་ཡི་རིང་ལ་སྒོམ་སྡེ་བདེ། །དེ་འདས་སྒོམ་ཕྱོགས་ཉམས་པར་འགྱུར། །ཞེས་ལུང་པ་བསྟན་ལྟར། རབ་བྱུང་བཅུ་བཞི་པའི་ཤིང་བྱ་སྤྱི་ལོ་ ༡༨༨༥ ལོར་བོད་ཟླ་ ༢ ཚེས་ ༢༥ ཉིན་སྐུ་འཁྲུངས། དེའང་སྲས་ཡུམ་གྱི་མངལ་དུ་ཡོད་པའི་སྐབས་ཡབ་གཤེགས་པས་དེའི་རྗེས་ཐོག་ཏུ་སྐུ་བལྟམས་པར་བཤད། དགུང་གྲངས་ཉེར་གཅིག་ཐོག་ར་དྭ་བཟའ་བཙུན་མོར་བསུས་ཤིང་རྒྱལ་སྲིད་བཟུང་། རྗེ་འདི་པར་ཆོས་སྲིད་ཀྱི་མཛད་པ་རྒྱ་ཆེ་ཞིང་ཡ་རབས་དཔའ་མཛངས་དང་ལྡན་པའི་བཀའི་གྱད་བློན་རྣམས་ལ་བྱས་རྗེས་བཞིན་ཤེ་བམ་གྱི་རིམ་པ་སོ་སོར་བསྩལ། བཀའ་ཁྲིམས་དྲང་པའི་དཔེར་འོས། དུས་སྐབས་དེར་བོད་སྲིད་གཞུང་དགའ་ལྡན་ཕོ་བྲང་གིས་དབང་བསྒྱུར་བའི་སྐབས་ལ། རང་སྡེ་རང་གཅེས་ལེགས་པོ་མ་བྱུང་བས། བོད་ཡུལ་སྤྱིར་ཟིང་ཆའི་མགོ་ལང་བའི་སྔ་ལྟས་སུ། བོད་མི་རིགས་ནང་ཁུལ་དུ། ཆོས་ལུགས་ཀྱི་འཐེན་འཁྱེར་དང་། ཚོ་བ་ཕན་ཚུན། དེ་བཞིན་ཁམས་དབུས་བར་བོད་ནང་ཁུལ་དུ་གཡོ་སྒྱུ་དང་ཁྲམ་ཤེད་ཀྱིས་འགལ་བའི་ཟིང་ཆ་ཆེ་བར་མ་ཟད། ཟི་བོད་བར་སོགས་ཀྱི་འགལ་བ་དེ་དག་ཉིན་བཞིན་རྣོ་ངར་ཁྱབ་རྒྱ་ཇེ་ཆེར་འགྲོ་བཞིན་པའི་དུས་སྐབས་དེར། མདོ་སྟོད་སྨད་ཕལ་ཆེར་རྨ་ཆུ་ཚང་གིས་བདག་གིར་བཟུང་བའི་དུས་མཚུངས་མི་དབང་དཀོན་མཆོག་ལྷ་རྒྱལ་གྱི་སྐུ་ཚེའི་སྨད་ལ་སྒོམ་སྡེ་ཉམས་སད་པའི་ཚོད་དཔག་གི་ཕྱིར་དེམ་ཆུ་ཉེར་ལྔའི་ས་ཁུལ་ལེན་རྩིས་ཀྱིས་བོད་གཞུང་གིས་དྲག་པོའི་དཔུང་འཇུག་རབ་རྒྱལ་ཆུ་སྤྲེལ་སྤྱི་ལོ་ ༡༩༣༢ ལོར་བྱས་ཏེ་སྐྱེ་རྒུ་མདོ་བར་བཀབ། ཟུར་མང་རྣམ་རྒྱལ་རྩེའི་ལྷ་ཁང་མེར་བསྲེགས་པ་སོགས་བྱས་པ་ལ། སླར་ཟི་ལིང་མཱ་པུ་ཧྥང་གིས་རྒྱ་དམག་གི་དཔུང་ཤུགས་རིམ་སྣོན་བྱས་པར་བརྟེན། དབུས་དམག་ཕམ་ཉེས་གྱུར་ནས་དཔུང་གིས་ཡུན་རིང་མ་བརྟེན་པར་རི་བོ་ཆེ་དང་ཚོ་པའི་ས་མཚམས་བར་ཕྱིར་འཐེན་བྱེད་དགོས་བྱུང་བ་སོགས་རྨ་ཆུ་ཚང་དང་། བོད་གཉིས་ཀྱི་བར་ཟིང་ཆ་ལངས་སྐབས། རྒྱལ་པོ་འདི་ཉིད་ཕྱོགས་སུ་མ་ལྷུང་བར་བརྟན་བརླིང་བརྗིད་གསུམ་གྱིས་རང་ཚུགས་མ་ཤོར་བར་བཞུགས་ཚུལ་མཁས་པས་གནོད་སྐྱོན་མ་བྱུང་བས་ཐུགས་སྒམ་པའི་ཚད་དུ་སོན། དགུང་གྲངས་རེ་དགུ་པ་རབ་རྒྱལ་ལྕགས་སྟག་སྤྱི་ལོ་ ༡༩༥༠ ལོར་ནང་ཆེན་ཕོ་བྲང་སྔོན་པོར་ཟླ་བ་ ༣ པའི་ཚེས་ ༡༠ ཉིན་ཞི་བར་གཤེགས་སོ། །