Central Welfare of Nangchen Nyernga – ནང་ཆེན་ཉེར་ལྔའི་དྲ་བ།

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན།

བོད་རྒྱལ་སོ་བརྒྱད་པ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ནི། ཡབ་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་དང་། ཡུམ་སྣ་ནམ་བཟའ་གཉིས་ཀྱི་སྲས་སུ་དུས་རབས་བརྒྱད་པའི་ནང་། སྣ་ཚོགས་ཞེས་པ་ཆུ་ཕོ་རྟའི་ཕྱི་ལོ་༧༤༢ལོའི་དཔྱིད་ཟླ་ར་བའི་སྐར་མ་རྒྱལ་གྱི་ཉིན་སྐུ་བལྟམས། དགུང་ལོ་བཅོ་ལྔ་པ་མེ་སྤྲེལ་ཕྱི་ལོ་༧༥༧ ལོར་རྒྱལ་པོའི་ཁྲི་ལ་འཁོད། དེ་ནས་མཆིམས་བཟའ་ལྷ་མོ་བཙན་དང་། མཁར་ཆེན་བཟའ་མཚོ་རྒྱལ། འབྲོམ་བཟའ་ཁྲི་རྒྱལ་མོ་བཙན། ཚེ་སྤོང་བཟའ་མེ་ཏོག་སྒྲོན། ཕོ་ཡོངས་བཟའ་རྒྱལ་མོ་བཙུན་བཅས་བཙུན་མོ་ལྔ་ཁབ་ཏུ་བཞེས། སྲིད་དབང་བཟུང་ནས་ལོ་ཤས་རྗེས་ཆུ་སྟག་༧༦༢ ལོར་དམག་དཔོན་ཞང་རྒྱལ་གཟིགས་དང་། བློན་སྟོང་བཙན་ལ་སོགས་པས་བོད་དམག་འབུམ་གཅིག་ཙམ་ཁྲིད་དེ་ཐང་གི་ཁོངས་གཏོགས་མཁར་དང་། ས་ཆ་མང་པོ་ཕྲོགས་བཟུང་གིས་རྒྱལ་ས་ཁྲང་ཨན་ཉིན་བཅོ་ལྔ་ཙམ་བཟུངས་བ་དང་། གོང་མ་ཐང་ཏའི་ཙུང་ཡང་གནས་སྐབས་རིང་ཤེན་ཇུ་ལ་བྲོས་དགོས་པ་བྱུང་བར་གྲགས། སྲིད་དོན་གྱི་བྱ་བ་མང་ཆེ་བ་བློན་ཆེན་རྣམས་དང་གྲོས་བྱེད་ཅིང་། ལེགས་པའི་བྱ་བ་དག་ནི་བློ་ཚིམས་པར་མཛད་ཅིང་། ཉེས་པའི་ཆད་པས་ནི་གནད་དུ་ཕོག་པར་མཛད་དེ། ཆོས་སྲིད་གཉིས་ཀྱི་ཁྲིམས་དམ་པོར་སྐྱོང་གནང་མཛད་པས་སྲིད་དབང་ལ་སྟོབས་ཤུགས་ཆེན་པོ་བྱུང་ངོ་།།

ཕྱི་ལོ་༧༦༣ ཆུ་ཡོས་ལོར་རྒྱ་གར་ནས་མཁན་ཆེན་ཞི་བ་མཚོ་དང་། སློབ་དཔོན་པདྨ་འབྱུང་གནས་གཉིས་གདན་ཞུ་བྱས་ནས་བསམ་ཡས་གཙུག་ལག་ཁང་བཞེངས། བསམ་ཡས་སུ་རབ་བྱུང་སྡེ་ཐོག་མ་བཙུག་ནས་ནང་པའི་བསྟན་པ་དར་རྒྱས་ཀྱི་རྨང་གཞི་ཐོག་མ་ཚུགས། མཁན་སློབ་གཉིས་སོགས་པཎྜི་ཏ་རྣམས་དང་། བཻ་རོ་ཙ་ན། སྐ་ཅོག་ཞང་གསུམ་སོགས་ལོ་ཙཱ་བ་རྣམས་ཀྱིས་མདོ་སྔགས་ཀྱི་བཀའ་རྣམས་དང་། དགོངས་འགྲེལ་གྱི་བསྟན་བཅོས་རིག་གནས་གཙོ་ཆེ་བ་རྣམས་བོད་སྐད་དུ་བསྒྱུར། བཙན་པོས་བོད་ཕྲུག་ཤེས་རབ་ཅན་མང་པོ་བསྡུས་ཏེ་བསམ་ཡས་སྒྲ་བསྒྱུར་གླིང་དུ་ཡིག་བསྒྱུར་གྱི་སློབ་གྲྭ་ཐོག་མར་འཛུགས་གནང་བ་ནས་ལོ་ཙཱ་བའི་དཔུང་ཁག་སྟོབས་ཆེན་ཞིག་གསོ་སྐྱོང་གནང་བ་དང་། ཡིག་བསྒྱུར་གྱི་བྱ་གཞག་འཕེལ་རྒྱས་ཆེན་པོ་བྱུང་། རབ་བྱུང་ངུར་སྨྲིག་སྡེ་དང་། གོས་དཀར་ལྕང་ལོའི་སྡེ་སྟེ་དགེ་འདུན་སྡེ་གཉིས་ལ་ཕྱག་མཆོད་བཀུར་བསྟི་བྱ་བའི་ཆོས་ཀྱི་བཀའ་ཁྲིམས་ཆེན་མོ་བཅས། བཀའ་གཙིགས་ཀྱི་རྡོ་རིངས་བཙུགས་སོ།། གཞན་ཡང་རྒྱལ་ཕྱི་ནང་གི་སྨན་པ་མཁས་པ་མང་པོ་གདན་ཞུ་གཙོས་བོད་ཀྱི་སྨན་པ་མཁས་པ་མང་པོ་གསོ་སྐྱོང་གནང་། ལྕགས་སྤྲེལ་ཕྱི་ལོ་ ༧༨༠ ལོར་སྲས་ཆེ་བ་མུ་ནེ་བཙན་པོ་རྒྱལ་སར་བཀོད་ནས་ཆོས་རྒྱལ་རང་ཉིད་སྒོམ་སྒྲུབ་སོགས་དམ་ཆོས་ཉམས་ལེན་གྱི་མཛད་པ་གཙོ་བོར་གནང་སྟེ་བཞུགས། མེ་བྱི་ཕྱི་ལོ་༧༩༧ ལོར་གཤེགས། བང་སོ་མུ་ར་རི་ལ་ཡབ་ཀྱི་བང་སོའི་རྒྱབ་ངོས་ཀྱི་གཡས་ཕྱོགས་སུ་བརྩིགས། བདུད་འཇོམས་ཆོས་འབྱུང་དུ་དགུང་ལོ་ལྔ་བཅུ་ང་དགུ་ལ་ཆོས་རྒྱལ་གཤེགས་སོ་གསུངས་པ་ལྟར་ན་འདས་ལོ་ལ་ཅུང་ཟད་བཤད་སྲོལ་མི་འདྲ་བ་གནང་ངོ་།།

Leave a Reply

Your email address will not be published. Required fields are marked *