ནང་ཆེན་རྒྱལ་རབས་བཅུ་དྲུག་པ་དཀོན་མཆོག་རྒྱལ་པོས་ཆུན་མ་ཚང་གསར་ཀརྨ་ངང་དར་གྱི་སྲས་མོ་བསམ་ལུ་ཁབ་ཏུ་བཞེས་པའི་སྲས་རྡོ་རྗེ་ཚེ་དབང་དང་སྲས་མོ་ཞིག་འཁྲུངས། སྲས་རྡོ་རྗེ་ཚེ་དབང་ནི་རབ་བྱུང་བཅུ་གཅིག་པའི་ལྕགས་སྤྲེལ་སྤྱི་ལོ་ ༡༦༨༠ ལོར་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་ས་ལུག་སྤྱི་ལོ་ ༡༧༢༤ ལོར། སྔར་གྱི་རྒྱལ་ས་དཔལ་གཞུང་ནས་མཆིལ་སྐེ་དཔལ་གྱི་གཡང་འཁྱིལ་དུ་གནས་སྤར་ནས་སྒར་ས་བཏབ། འབྲི་གུང་སྐྱབས་མགོན་དཀོན་མཆོག་བསྟན་འཛིན་འགྲོ་འདུལ་ཆེད་དུ་གདན་ཞུས་ཀྱིས་སེར་སྐྱ་ཁྲི་ཕྲག་གིས་ཕེབས་བསུ་ཞུས་ཏེ། སྔ་འགྱུར་ཡོ་ག་སྡེ་གསུམ་གྱི་ཡ་གྱལ་རྒྱུད་མ་ཧཱ་ཡོ་གའི་ཆོས་ཚན་ལས་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་ཆེན་མོའི་སྒོ་ནས་སྨིན་གྲོལ་ཟབ་རྒྱས་དང་། རྒྱལ་ཁང་སྔོན་པོ་གསར་བཞེངས་ཀྱི་ས་འདུལ་བྱིན་རླབས་བཅས་ཞག་ཉེར་གཅིག་གི་ཁོངས་སུ་གཅིག་སྦྲེལ་དུ་མཛད། རྗེ་འབངས་ཡོངས་རྫོགས་ཀྱིས་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་བཅུད་མྱངས། ལུགས་གཉིས་ཀྱི་བསླབ་བྱ་དང་བཀོད་ཁྱབ་འཛིན་སྐྱོང་སོགས་ཀྱི་ཐོག་ཞལ་བཀོད་ལེགས་པར་མཛད་བཞིན་རྒྱལ་སྲིད་ལོ་གཅིག་རིང་བསྐྱངས་པའི་ལེགས་ཚོགས་ཀྱི་སྒོ་དུ་མ་སྤེལ་བས་ཆོས་སྲིད་ཡར་ངོའི་ཟླ་བ་བཞིན་འཕེལ། ཡུལ་ཁམས་དགེ་བཅུའི་ཁྲིམས་ཀྱིས་དཀར་འཇམ་ཡུག་གཅིག་ཏུ་བསྐྱངས། ཁྱད་པར་དུ་རྒྱལ་པོ་འདི་ཡི་སྐུ་དུས་སུ། ཤུན་རྩིའི་སྲས་གཡང་ཏྲིང་ཁྲི་ལོ་གཉིས་ཡུན་ནན་ཐེ་ཐུའི་དམག་དང་མི་སྡེ་སྤྱོ་ཁྱབ་ཀྱི་དཔོན་པོ་བྱུང་བཅུ་གཉིས་པའི་ཤིང་འབྲུག་སྤྱི་ལོ་ ༡༧༢༤ ལོར་ཆབ་མདོར་བབས། མདོ་ཁམས་སྒང་དྲུག་གི་དགོན་ཚང་སྒེར་བཙན་ཐམས་ཅད་དེར་བསྡུས། ནང་ཆེན་གནས་དྲུག་ཁྲི་སྐོར་གྱི་མངའ་བདག་རྒྱལ་པོ་རྡོ་རྗེ་ཚེ་དབང་ཤོག་ཟེར་ཞིང་ཕོ་ཉ་སྔོན་རྗེས་གཉིས་ཙམ་སློབས་པས་མཐར་གྱད་བློན་ཨ་ཤག་རྡོར་མགོན་དྲུང་འཁོར་མང་ཙམ་བཅས་བཏང་བས། དེ་དག་ཆབ་མདོར་བསླེབས་ཏེ་དམག་སྤྱི་ཆེན་མོ་དང་མཇལ་འཕྲད་བྱས་ཐོག ཁོང་གིས་ནང་ཆེན་རྒྱལ་པོའི་ལོ་རྒྱུས་ཀྱི་ཆེ་བརྗོད་དང་འབྲེལ་བའི་སྒོ་ནས་སྙན་སྒྲོན་ཞུས་པས། གཞན་དང་མི་འདྲ་བའི་གཟིགས་གཟོས་མི་དབང་རྡོ་རྗེ་ཚེ་དབང་མཆོག་བོད་མདོ་ཁམས་སྟོད་མའི་ཆིང་ཧུ་སྟེ་རྒྱལ་པོར་མངའ་གསོལ། སྔོན་ཆད་ལས་མ་གཡོས་པའི་ས་སྡེ་སོ་སོར་གནས་ཆོག་རྒྱུ་དང་། གོང་ཕ་རྗེ་ནང་ཆེན་ཆིང་ཧུ་རྡོ་རྗེ་ཚེ་དབང་ཞེས་པའི་མཚན་གནས་དང་། བཀའ་རྟེན་ཤེ་བམ། ཨིནྡྲ་ནཱི་ལའི་ཏོག་བཅས་གནང་། མངའ་འོག་ནང་སྡེ་ཤོག་ཆེན་བཅོ་བརྒྱད་དང་། ཤོག་ཕྲན་བཅོ་ལྔ། ཕྱི་སྡེ་དེམ་ཆི་ཉེར་ལྔར་གྲགས་པའི་དཔོན་པོ་རྣམས་ལའང་། བེ་ཧུ་དང་བེ་ཅང་ཞེས་པའི་ཆོ་ལོ། ཏོག་དཀར་སེར་ཁེར་གམ་སོགས་གནང་བ་མ་ཟད། ཁྲིམས་ཡིག་བཅས་སོ་སོའི་འཆང་རྒྱུ་ཁྲིམས་ཡིག་གོང་སྔོན་སྤར་མ་རེ་བསྩལ། དཔྱ་ཁྲལ་སྔར་སོག་པོ་ལ་དགོས་པའི་རྟ་ནོར་ལུག་གསུམ་མི་གྲངས་བཅས་མཚོ་སྔོན་པོའི་ཁ་ནས་འོང་བའི་སོག་སྡེ་ཆོས་འཁོར། ཇོ་རག ཇུ་མུར། བ་ཡན་སོགས་མགོ་བཏགས། སོག་རུ་མའང་སྔར་བཞིན་གནས་དགོས་པའི་རྒྱབ་གནོན་བསྩལ། སྤྱི་ལོ་༡༧༢༥ལོར་ཆིང་གོང་མས་ནང་ཆེན་རྒྱལ་པོ་རྡོ་རྗེ་ཚེ་དབང་ལ་ཆིང་ཧུ་རྡེ་རྗེ་ཚེ་དབང་ཞེས་པའི་ཆེ་སྟོད་བསྩལ། སྤྱི་ལོ་ ༡༧༣༡ ལོར་གོང་མའི་ཕྲིན་ལས་པ་ཟི་ལིང་རྡོ་ཁེ་ཨམ་བན་ནས་ཡང་སྐྱར་ནང་ཆེན་ཆིང་ཧུ་རྡེ་རྗེ་ཚེ་དབང་ཞེས་བོད་སྐྱོང་མདོ་ཁམས་ཆོལ་ཁའི་རྗེ་བོར་དྲིལ་བསྒྲགས་བྱས་སྟོབས་དཔལ་ཆེར་རྒྱས། <<འདིའི་སྐོར་ལྷོ་འབྲོང་སྤྲུལ་ནུས་ལྡན་རྡོ་རྗེའི་ཕྱིའི་རྣམ་ཐར་ཤོག་གྲངས་སོ་གཅིག་པར། ནང་ཆེན་ཆིང་ཧུ་རྡོ་རྗེ་ཚེ་དབང་ཞེས་འཁོད་འདུག>> དེ་ལྟར་རྒྱ་སོག་གོང་བ་འགྱུར་ཞིང་དེམ་ཆི་ཉེར་ལྔའི་ས་སྒོ་ཕྱེས་པ་སོགས་ཡོངས་གྲགས་ཀྱི་ཁ་གཏམ་དུ་འཇགས་པ་དེ་རྒྱལ་པོ་འདི་ཡི་སྐུ་དུས་སུ་བྱུང་བ་ཡིན་འདུག་ལ། དེ་སྔོན་སོག་པོས་དབང་བསྒྱུར་སྐབས་ཐའི་ཇི་ཞེས་པ་སོག་སྐད་ཀྱི་གོ་མིང་ཡིན་པ་ལྟར། འདི་ནས་བཟུང་ཆིང་ཧུ་དང་བེ་ཧུ་བེ་ཅང་ཞེས་རྒྱ་སྐད་ཀྱི་གོ་མིང་ཟུར་ཆག་གིས་བོད་ཀྱི་བརྡ་སྐད་དུ་འཇགས་པར་སྣང་། གོང་སྨོས་སྡེ་ཤོག་གི་རྣམ་གྲངས་དེ་རྣམས་ལ་ནང་ཆེན་ཚོ་བ་སོ་ལྔ་ཞེས་ཀྱང་གྲགས་ལ་དེ་དག་ཡོངས་རྫོགས་རྒྱལ་པོའི་མངའ་འབངས་སུ་གཏོགས་པ་ཡིན་ཞིང་ལུགས་གཉིས་ཀྱི་མཛད་ཕྲིན་ཤིན་ཏུ་རྒྱས། མཐར་རབ་བྱུང་བཅུ་གཉིས་པའི་ཤིང་སྟག་སྤྱི་ལོ་ ༡༧༣༤ ལོར་རྒྱལ་ས་ནང་ཆེན་སྒར་དུ་གཤེགས། བང་སོ་རྨ་བྱའི་སྒྲོ་ཐིག་ཅེས་པའི་གནས་སུ་བཏབ་བོ།།