- ༢༽ གཉིས་པ་ལ་མི་དབང་ནང་ཆེན་རྒྱལ་རབས་ཀྱིས་གཞུང་བསྲངས་པ་ལ། ནང་ཆེན་ཞེས་པའི་མཚན་གྱི་ཅོད་པན་དབུ་བརྙེས་ཚུལ་དང་། གདུང་རབས་ནོར་བུའི་བང་མཛོད་དངོས་བཤད་པ།
- ༡༽དང་པོ་ནི། འོག་ནས་གསལ་བ་བཞིན་དུ་འབྲུ་སྤྱི་ཕུད་འཁོར་ལོ་བཟང་པོའི་དུས་ནས་ནང་ཆེན་ཞེས་ཐོག་ཚུལ་དང་། གདན་ས་སྐུ་འབུམ་དགོན་དུ་ཕོ་བྲང་ནང་སོ་ཆེན་པོ་བཞེངས་པ་ལ་བརྟེན་ནས་ནང་ཆེན་ཞེས་ཐོག་ཚུལ་དང་། འགྲོ་མགོན་ཆོས་རྒྱལ་འཕགས་པས་ཏྲེ་བོ་ཆོས་ཀྱི་རྒྱ་མཚན་ལ་ཆེན་པོའི་གོ་འཐོབ་སྤྲད་པ་ལ་བརྟེན་ནས་ནང་ཆེན་ཞེས་ཐོག་ཚུལ་གསུམ་ལས། འདིར་ནི་ནང་ཆེན་གསེར་ཕྲེང་ལས། <<ཨ་སྟག སེང་འཕེན། འབྲུག་སྲས། རྒོད་པོ་འབར་བཅས་ཡིན།>>ཞེས་གསུང་པའི་བུ་བཞི་ལ་ནང་ཆེན་གཉའ་བོ་ཁག་བཞི་ཟེར་སྲོལ་ཡོད་པ་ལ་དཔག་ན་བྱུང་ཚུལ་ཕྱི་མ་གཉིས་ཀྱི་སྔོན་ནས་ནང་ཆེན་ཞེས་ཐོག་ཡོད་པར་མངོན་འདུག རྒྱུ་མཚན་དེས་ན་འདིར་དང་པོའི་དབང་དུ་བྱས་ན། ཏྲེ་རབས་ལས། སྤྱི་ཕུད་འཁོར་ལོ་བཟང་པོ་དེ། །གནམ་བསྐོས་ཆེན་པོའི་ནང་བློན་མཛད། །ཅེས་སོགས་གསུངས་པ་བཞིན། གོང་དུ་གསལ་བའི་འབྲུ་སྤྱི་ཕུད་འཁོར་ལོ་བཟང་པོ་དེ་ཉིད་གནམ་ལྷ་བབ་ཀྱི་རྒྱལ་པོ། ས་ལྷུན་འགྲུབ་ཀྱི་མངའ་བདག མཚོ་མོ་བཞིན་འཁྱིལ་ནས་བཞུགས་པ་ལ། <<བོད་བཙན་པོ་སྲོང་བཙན་སྐབས་ཀྱི་རྒྱལ་རབས་ལས། ཞང་བློན་གསུམ་གྱིས་དབུས་ཀྱི་འདུན་ས་འཛིན་པ། དཔའ་སྡེ་གསུམ་གྱིས་མཐའ་ཡིས་སོ་ཁ་སྲུང་བ་བཅས་སྲིད་འཛིན་གནད་དྲུག་དང་ཞེས་པའི་དཔའ་སྡེ་གསུམ་གྱི་ཡ་གྱལ་ཡིན་པར་སྣང་>>འཇམ་དཔལ་དབྱངས་ཀྱི་སྤྲུལ་པར་གྲགས་པའི་གོང་མ་ཚངས་པ་ཆེན་པོའི་<<གོང་གི་གནམ་བསྐོས་རྒྱལ་པོ་ཞེས་པ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཡིན་པར་བཤད་མཁན་འདུག>>ནང་བློན་ཡོངས་ཀྱི་ཆེ་བ་ཞེས་པའི་གོ་ཐོབ་ཀྱི་ཆེ་བསྟོད་ཕུལ་བ་ལ། ཆེན་པོར་འོས་པའི་ལས་ཚན་བཅུ་གསུམ་བཞེས་པས། ནང་ཆེན་གྱི་མིང་དོན་བྱུང་བ་མ་ཟད། དྲང་ཞིང་ལྕི་བའི་ཁྲིམས་ཀྱིས་ཉེས་ཚོགས་བཅོམ་པས་ལུགས་གཉིས་ཀྱི་ཕྲིན་ལས་རྣམ་པར་དཀར་བའི་འབྲུ་རྗེ་ཞེས་པའི་རྒྱལ་རབས་ཀྱི་ཐོག་མ་དེ་ནས་དབུ་བརྙེས་པའི་མཚན་གྱི་ཅོད་པན་བྱུང་ཚུལ་ཡང་རྒྱལ་རབས་རྙིང་པ་ཐོར་བུ་འགར་འཁོད་འདུག་པས་དེ་ལྟར་ཡིན་པར་སྣང་། ཡུལ་ཏྲེ་བོ་རབ་ཁ་སོགས་ལ་དབང་བསྒྱུར་བའི་འབྲུ་གདུང་དྲི་མ་མེད་པའི་རྒྱལ་བརྒྱུད་བར་མ་ཆད་པར་བྱུང་ཡོད་པ་སྨོས་མ་དགོས་པ་ཡིན་པ་ཡང་། རྒྱལ་རབས་འབེལ་གཏམ་ལས། དཔའ་འབྲུ་གདུང་ཉི་མ་དྲི་མེད་ལ། །རྒྱལ་རབས་དགུ་བཅུ་གོ་བརྒྱད་འཕེལ། །ཕྱེད་དེ་ལྷ་བབ་གདུང་རྒྱུད་ཡིན། །དཔའ་འབྲུ་གདུང་དགྲ་ལྷའི་བུ་བདུན་ལ། །ལེགས་བཤད་སེང་གེའི་ང་རོ་ཡོད། །དེ་མང་དུ་བཤད་པའི་ལེགས་བཤད་ལ། །བརྒྱུད་གསེར་ཕྲེང་གི་པོ་ཏི་བཅུ་གསུམ་ཡོད། །ཅེས་པ་ལྟར་མདོར་ན་སྤྱི་ཕུད་འཁོར་ལོ་བཟང་པོའི་སྲས་ནོར་བུ་བཟང་པོ་སོགས་ནས་ཏྲེ་བོ་ཨ་ཀླུའི་གོང་ཡན་ཆད་ལ་གདུང་རབས་བཞི་བཅུ་ཞེ་གསུམ་བྱུང་བར་བཤད་པ་ནི་དེང་གི་དཀར་མཛེས་ས་ཁུལ་གྱི་ཏྲེ་བོ་རབ་ཁ་སོགས་ལ་དབང་བསྒྱུར་བའི་དུས་ཏེ་གདུང་རབས་སྔ་དར་གྱི་ཐ་སྙད་བྱས་ན་ཆོག་པར་སྣང་ངོ་། །