Central Welfare of Nangchen Nyernga – ནང་ཆེན་ཉེར་ལྔའི་དྲ་བ།

བཞུགས་སྒར་རྡ་རམ་སའི་ནང་ཆེན་ཉེར་ལྔའི་བདེ་དོན་ལྷན་ཚོགས།

རྒྱུན་ལས་སྐབས་དང་པོ།

སྤྱི་ལོ་ ༡༩༩༩ ལོའི་ཟླ་བ་ ༥ ཚེས་ ༨ ཉིན་བཞུགས་སྒར་རྡ་རམ་སའི་ནང་ཆེན་ཉེར་ལྔའི་མཐུན་ཚོགས་གསར་བཙུགས་བྱེད་རྒྱུ་གྲོས་མོར་བྱས། སྐབས་དེར་འགན་ཁུར་བྱེད་མཁན་གཙོ་བོ་ལ། བློ་བཟང་ཚེ་རིང་དང་། སྒ་པ་ཟླ་བ་ཚེ་རིང་། པདྨ་རྡོར་རྗེ། ཁྲོ་རྒྱལ་མགོན་པོ་སོགས་ཀྱིས་གནང་སྟེ། སྐུ་མགྲོན་གྱི་གཙོ་བོ་ལ། སྤྲུལ་རིན་པོ་ཆེ་ཨོ་རྒྱན་སྟོབས་རྒྱལ་མཆོག་དང་། མཁན་རིན་པོ་ཆེ་ཚུལ་ཁྲིམས་རྣམ་དག་གཉིས་གདན་ཞུས་བྱས་ནས། རྒྱ་གར་བྱང་ཕྱོགས་ཧེ་མ་ཅར་གྱི་ལྔ་སྡེའི་ས་གནས་བཞུགས་སྒར་རྡ་རམ་སའི་ཉེ་ཕྲེས་སུ་ཡོད་པའི་ནོར་བུ་གླིང་གའི་ས་གནས་ཀྱི་ཉེ་ཕྱོགས་བྱེས་ཀྱི་གདན་ས་རྒྱུད་སྟོད་ར་མོ་ཆེའི་དགོན་པའི་མདུན་ཐང་དུ་ ནང་ཆེན་ཉེར་ལྔའི་མི་དམངས་སྐྱ་སེར་ ༡༥༠ ཙམ་ལྷན་འཛོམས་ནས་ཐུགས་སྤྲོ་བཏང་ཞིང་སྤྲོ་སྐྱིད་ལ་རོལ།

སྐབས་དེར་མཁན་ཚུལ་ཁྲིམས་རྣམ་དག་ལགས་ཀྱིས་གསུངས་དོན། སྐབས་དང་པོ་རྒྱུན་ལས་རྣམས་དམངས་གཙོའི་ལམ་ལུགས་དང་མཐུན་པའི་ཐོག་ནས་མང་མོས་འོས་འདེམས་དགོས་རུང་། ད་ཆ་ང་ཚོ་ཕ་ཡུལ་གཅིག་པ་རྣམས་ཕར་ངོ་ཚུར་ཤེས་ཀྱི་རྒྱུས་ཆ་མེད་སྟབས་འོས་འདེམས་བྱེད་ཐབས་དཀའ་བས། སྐབས་དང་པོའི་རྒྱུན་ལས་རྣམས་ངས་ཐད་ཀར་མིང་འདོན་བྱེད་འཆར་ཡོད་པས་ཁྱེད་རྣམས་པས་མིན་མི་གསུངས་རོགས་གསུངས་པ་བཞིན་དྭང་ལེན་བྱས། མཁན་པོ་མཆོག་གིས་མིང་འདོན་བྱས་པའི་མཚན་གཞུང་།

སློབ་སྟོན་པ། མཁས་དབང་ཟླ་བ་ཚེ་རིང་མཆོག ཕ་ཡུལ་སྒ་པ། ཚོགས་གཙོ། མཁན་པོ་ཀརྨ་བསྟན་འཛིན་མཆོག ནང་ཆེན་ཇ་པ་དགོན་ཞབས། ཚོགས་གཞོན། ཁྲོ་རྒྱལ་མགོན་པོ། ནང་ཆེན་ཟུར་མང་། དྲུག་ཡིག བློ་བཟང་ཚེ་རིང་། ནང་ཆེན་ཤོར་མདའ་འཆམ་ཤེས་གཞུང་། དངུལ་གཉེར། ནང་ཆེན་ཟུར་མང་ནས་ཡིན་པ་པདྨ་རྡོ་རྗེ་དང་། ནང་ཆེན་ལྕི་ཆུ་ནས་ཡིན་པ་ཨོ་རྒྱན་དར་རྒྱས། བཅས་ལ་གཏན་འབེབས་བྱས་ཤིང་ཁོང་རྣམས་ཀྱིས་ལོ་དྲུག་གི་རིང་ལ་ཕྱག་ལས་རྒྱུན་སྐྱོང་གནང་ནས་འགན་ཁུར་ཡོད་འདུག

སྐབས་གཉིས་པའི་རྒྱུན་ལས། 

 སྤྱི་ལོ་ ༢༠༠༥ ལོའི་ཟླ་བ་ ༧ ཚེས་ ༣༠ དང་ཟླ་བ་ ༨ ཚེས་ ༡ བཅས་ལ་ནང་ཆེན་ཉེར་ལྔའི་གནད་ཡོད་ཀྱི་མི་སྣ་སྒ་ཟིལ་དཀར་དགོན་པའི་བླ་མ་སྐུ་བཞོག་ཟིལ་དཀར་རིན་པོ་ཆེ་དང་། སྒ་པ་སྐུ་སྲུང་ཀུན་དགའ། སྒ་པ་ཐུབ་བསྟན་ལེགས་བཤད། སྒ་པ་མཁས་དབང་ཟླ་བ་ཚེ་རིང་སོགས་མི་དམངས་ ༢༠༠ ལྷག་ཙམ་འདུ་འཛོམས་གྱི་ཐོག་ནས་སྤྲོ་སྐྱིད་ཉིན་གཉིས་ཀྱི་རིང་ལ་སྟོད་པ་སྐྱིད་སྡུག་གི་མགྲོན་ཁང་ཡང་ཐོག་ཏུ་རས་གུར་ནང་དུ་བཏང་ཞིང་<<མཁས་དབང་ཟླ་བ་ཚེ་རིང་ནས་རྩོམ་སྒྲིག་གནང་བའི་>>ནང་ཆེན་ཉེར་ལྔའི་མཐུན་ཚོགས་ནས་འགྲིམ་སྤེལ་ཞུས་པ་ནང་ཆེན་རྒྱལ་རབ་<<ནང་ཆེན་ཉེར་ལྔའི་རྒྱལ་རབས་ངོ་སྤྲོད་དང་ལོ་རྒྱུས་རྒྱུ་ཆ་འདེམས་བསྒྲིགས>>ཞེས་པའི་ཕྱག་དེབ་མཛད་སྒོ་དབུ་འབྱེད་བྱས་ཤིང་རྒྱུན་ལས་སྐབས་གཉིས་པ་འདེམས་བསྐོས་བྱས་པ་ལ།

སྐབས་གཉིས་པའི་ཐུགས་སྤྲོའི་རྣམ་པ། 

སློབ་བསྟོན་པ་མཁས་དབང་ཟླ་བ་ཚེ་རིང་རང་འཇག ཚོགས་གཙོ་མཁན་པོ་ཀརྨ་བསྟན་འཛིན་རང་འཇག ནང་ཆེན་ཇ་པ་དགོན་ཞབས། ཚོགས་གཞོན་པདྨ་རྡོ་རྗེ། ནང་ཆེན་ཟུར་མང་། དྲུང་ཆེ་བློ་བཟང་ཚེ་རིང་རང་འཇག ནང་ཆེན་ཤོར་མདའ་འཆམ་ཤེས་གཞུང་། ཕྱི་འབྲེལ་འགན་འཛིན་སྨོན་ལམ་གྲགས་པ། ནང་ཆེན་ཟུར་མང་། འཁྲབ་སྟོན་པའི་འགན་འཛིན་བྱམས་པ་བློ་བཟང་། སྒ་པ། ལས་རོགས་རྒྱུན་ལས་ལ། ནང་ཆེན་ལྕི་ཉིན་སྲིབ་ནས་ཡིན་པའི་ནོར་རྒྱས། ཕ་ཡུལ་སྒ་པ་ནས་ཡིན་པའི་བུ་ཆུང་། འཆི་མེད། སྒྲོལ་མ་གཡུ་སྒྲོན། ཕ་ཡུལ་ནང་ཆེན་དཔལ་ཁ་ནས་ཡིན་པའི་བུ་མོ་བསོད་ནམས། བཅས་བརྒྱུན་ལས་གྲངས་བཅུ་གཅིག་རྣམས་ད་ལྟའི་སྤྱི་ལོ་ ༢༠༡༧ ལོའི་བར་དུ་རྗེ་བོ་རྒྱབ་མེད།  སྤྱི་ལོ་ ༢༠༠༧ ལོའི་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཡི་འཁྲུངས་སྐར་སྐབས། གཙོ་འགན་པ་དོན་གྲུབ་ཕུན་ཚོགས་ཀྱིས་གནང་། དེ་བཞིན་དུ་རྒྱུན་ལས་རྣམས་ཀྱིས་ཡང་འགན་ཁུར་བའི་ཐོག་སྒོམ་སྡེ་ནང་ཆེན་པའི་ཐུན་མིན་གྱི་ཞབས་བྲོ་གཟིགས་འབུལ་གྱི་ཐོག་ནས་གླུ་བྲོ་གར་གྱི་མཆོད་པ་ཕུལ་བས་ཐམས་ཅད་ཀྱིས་ངོ་མཚར་བའི་མངོན་པར་སྟོད་ཡོད།

སྤྱི་ལོ་ ༢༠༡༧ བོད་ཟླ་ལྔ་པའི་ཚེས་བཅོ་ལྔའི་ཉིན་སླར་ཡང་དབུས་ནང་ཆེན་ཉེར་ལྔའི་ལས་ཁུངས་ནང་དུ་སྔོན་མེད་ཀྱི་ནང་ཆེན་ཉེར་ལྔའི་དྲ་བ་གསར་དུ་འཇིག་རྟེན་འདིར་དབུ་བརྙེས་པའི་ཉིན་མོ་དང་སྟབས་སྟུན་ནས་སྔོན་མའི་རྒྱུན་ལས་ནང་ནས་བློ་བཟང་ཚེ་རིང་དང་། ནོར་རྒྱས་གཉིས་གཞིར་བཞག་ཐོག་བླ་མ་དོན་གྲུབ་ཕུན་ཚོགས། ཀུན་དགའ། ཚོགས་གཞོན་དོན་གྲུབ། ཀརྨ་ཕུན་ཚོགས།  མཚོ་མོ། གཡུང་དགའ། ཆོས་རྒྱལ་ཕུན་ཚོགས། དར་རྒྱས་བཅས་ནས་དབུ་ཁྲིད་པའི་ཐོག་རྒྱུན་སྐྱོང་གནང་དང་གནང་མུས་ཡིན།

སྤྱི་ལོ་ ༢༠༡༧ ལོའི་ཟླ་ ༡༢ ཚེས་ ༧ ཉིན་གོང་གི་སྐབས་གཉིས་ཀྱི་རིང་ལ་རྒྱུན་ལས་འགན་ཁུར་གནང་བའི་བློ་བཟང་ཚེ་རིང་མཆོག་ནས་ལོ་རྒྱུས་ཟིན་ཐོ་བཀོད་པ་གཞི་བྱས། དེ་བཞིན་ཁོང་གིས་གསུངས་པའི་ལོ་རྒྱུས་འགའ་ཤས་ཁ་བསབ་བྱས་ནས་བཀོད་པ་པོ་ནང་ཆེན་ཉེར་ལྔའི་དབུས་བདེ་དོན་ལྷན་ཚོགས་ཀྱི་ཚོགས་གཙོ་མིང་པ་བུམ་མང་ཚངས་སྲས་ནས་སོ། །

གོང་ས་མཆོག་གི་འཁྲུངས་སྐར་གྱི་སྐབས་རྡ་ས་ནང་ཆེན་ཉེར་ལྔ་ནས་ཞབས་བྲོའི་མཆོད་པ་འབུལ་མཁན་རྣམས་ཀྱི་འདྲ་པར། 

སྤྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༢༧ ཉིན་བཞུགས་སྒར་རྡ་རམ་སའི་ཉེ་ཕྱོགས་ནོར་བུ་གླིང་ཞེས་ཡོངས་སུ་གྲགས་པའི་རྒྱབ་ཕྱོགས་ཁ་ནེ་ཡ་རའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་རྡ་ས་ས་གནས་ཀྱི་ནང་ཆེན་ཉེར་ལྔའི་མི་དམངས་ཡོངས་ཐུགས་སྤྲོ་ལ་རོལ་བའི་སྐབས་ཀྱི་མཉམ་འཛོམས་ཀྱི་འདྲ་པར། ཞལ་ལག་མཆོད་བཞིན་པ། བློ་བདེ་དང་བག་ཕེབས་ངང་བཞུགས་བཞིན་པའི་འདྲ་པར།

སྤྱི་ལོ་ ༢༠༡༧ ལོའི་ཟླ་ ༡༠ ཚེས་ ༧ ཉིན་ས་གནས་ནང་ཆེན་ཉེར་ལྔའི་མི་དམངས་ནས་ནང་ཆེན་ཆོས་རྒྱལ་ཆེན་པོའི་དབུ་བླ་ཁག་བཞི་ཡི་ཡ་གྱལ་བླ་མ་མགར་ཆེན་རིན་པོ་ཆེ་མཇལ་ཁ་ཞུས། 

བླ་མ་མཆོག་ནས་བླངས་དོར་གྱི་བསླབ་སྟོན་གནང་བཞིན་པ།

Leave a Reply

Your email address will not be published. Required fields are marked *