Central Welfare of Nangchen Nyernga – ནང་ཆེན་ཉེར་ལྔའི་དྲ་བ།

ནང་ཆེན་རྒྱལ་རབས།

༩༽ ནང་ཆེན་གདུང་རབས་ང་གཅིག་པ་དང་རྒྱལ་རབས་དགུ་པ་ཆོས་སྐྱོོང་སྐྱབས་ཀྱི་སྐབས།

  ནང་ཆེན་རྒྱལ་པོ་གཅོད་པ་རྒྱལ་གྱི་སྲས། ཆོས་སྐྱོང་སྐྱབས་དང་། གུ་ཤྲཱི་ཆོས་དཔལ་གྲགས་པ་གཉིས་ཡོད་པ་ལས། ཆོས་སྐྱོང་སྐྱབས་ཀྱིས་ཆབ་སྲིད་ཀྱི་ལས་གནས་ཆེ་ཕྲ་ཁག་བསྐྱངས་ནས་སྡེ་སྲིད་བཟུང་། འདི་གཉིས་ཀྱི་སྐབས། ཀརྨ་པ་ཆོས་གྲགས་རྒྱ་མཚོ་དཔལ་གཞུང་དུ་སྤྱན་དྲངས། ཁྲི་རྭ་ཅན་གྱི་འབུལ་བ་བྱས། དབང་ཁྲིད་རྫོགས་པར་གནང་། ནང་ཚང་གཉིས་ཀྱི་འཁྲུགས་པ་འདུམ་སྒྲིག་མཛད། ཆོས་དཔལ་གྲགས་པ་ལ་གུ་ཤྲཱི་ལས་དཀའ་དང་ཤེལ་ཐམ་ཟང་ཟིང་གི་གནང་སྦྱིན་བཅས་སྐུ་འབུམ་དགོན་གྱི་གདན་ས་བསྐྱངས

༡༠༽ ནང་ཆེན་གདུང་རབས་ང་གཉིས་པ་དང་རྒྱལ་རབས་བཅུ་པ་བཀྲ་ཤིས་བཟང་པོའི་སྐབས།

  ཆོས་སྐྱོང་སྐྱབས་ཀྱི་སྲས་དཀར་བཟའ་ལ་འཁྲུངས་པ་ནི། ནམ་མཁའ་བཟང་པོ། ཆོས་སྐྱོང་བཟང་པོ། བསོད་ནམས་བཟང་པོ། བཀྲ་ཤིས་བཟང་པོ་དང་བཞི། ནམ་མཁའ་བཟང་པོ་ཡ་གསུམ་སྟོད་མའི་རྒྱལ་པོ་མཛད། ཆབ་སྲིད་མངའ་ཐང་ཆེར་རྒྱས། སྒོམ་སྡེ་ཡ་གསུམ་སྟོད་མར་གྲགས། གཏན་ཆགས་ས་སྟག་ལུང་ཕུ་མདོའི་ཡ་གསུམ་ཐང་ཡིན། ས་ཡི་ཆོད་མཚམས་ཡང་སྟོད་ནས་བྱང་གནམ་མཚོའི་སྲིབ་གོར་སྤ་མ་གདོང་ཕྱིན་ཆད། སྨད་ནས་ཤག་གི་སྦང་ངུ་ཟམ་ཁ་དང་། སོག་གཡག་ལ་སེ་བོ་ཡན་ཆད་བྱང་རིས་ཀྱི་སྡེ་ཕལ་ཆེར་དང་། ནགས་ཤོད་ཚོ་དྲུག་རུ་བདུན་སོགས་ཡུལ་འབྲོག་མང་པོར་དབང་བསྒྱུར་ཞིང་ཆགས་གནས་ཀྱི་ལྟེ་བ་སྟག་ལུང་ཕུ་མདོའི་ཡ་གསུམ་ཐང་ཡིན་པས་སྒོམ་སྡེ་ཡ་གསུམ་སྟོད་མའམ་ཧོར་ནང་ཆེན་སྟོད་མར་གྲགས་པ་དེ་བྱུང་། གཅུང་ཆོས་སྐྱོོང་བཟང་པོ་རབ་ཏུ་བྱུང་ཞིང་གདན་སར་བཞུགས། ནམ་མཁའ་བཟང་པོའི་སྲས་ཆེ་བ་སངས་རྒྱས་རྒྱལ་མཚན་རབ་ཏུ་བྱུང་། སེང་གེ་རྒྱལ་མཚན་གྱིས་ཆབ་སྲིད་ཀྱི་ལས་གནས་བསྐྱངས། བཀྲ་ཤིས་བཟང་པོས་ནང་ཆེན་དུ་ཆབ་སྲིད་བཟུང་སྟེ་ཡབ་མེས་ཀྱི་ཕྱག་སྲོལ་བསྐྱངས་པས་ནང་ཆེན་སྨད་མར་གྲགས། འདི་ཡི་སྐུ་ཟླ་ཧོར་མོ་ལ་སྲས་གུར་མགོན་དང་། རིན་མགོན་གཉིས་བྱུང་། དེ་སྐབས་ནང་ཆེན་སྨད་མའི་སྲིད་འཛིན་བཀྲ་ཤིས་བཟང་པོ་ནང་འཁོར་ངན་པའི་བྱེད་རྐྱེན་གྱིས་བཀྲོངས་ནས་སྐུ་གཤེགས་སོ། །

༡༡༽ ནང་ཆེན་གདུང་རབས་ང་གསུམ་པ་དང་རྒྱལ་རབས་བཅུ་གཅིག་པ་སེང་གེ་རྒྱལ་མཚན་གྱི་སྐབས།

  ནམ་མཁའ་བཟང་པོའི་སྲས་སངས་རྒྱས་རྒྱལ་མཚན་དང་། སེང་གེ་རྒྱལ་མཚན་གཉིས་ལས། སངས་རྒྱས་རྒྱལ་མཚན་རབ་ཏུ་བྱུང་། སེང་གེ་རྒྱལ་མཚན་གྱིས་རྒྱལ་སྲིད་ཆོས་བཞིན་བསྐྱངས། གོང་སྨོས་ནང་ཆེན་སྨད་མའི་རྒྱལ་པོ་བཀྲ་ཤིས་བཟང་པོ་སྐུ་བཀྲོངས་བས་རྐྱེན་ཏེ་སེང་གེ་རྒྱལ་མཚན་ཁོང་སྲིད་ཚབ་ཏུ་ནང་ཆེན་སྨད་མར་ཕེབས། ཞི་བའི་སྒོ་ནས་ཆབ་སྲིད་ཀྱི་ཁྲིམས་གཞི་ལྷིང་འཇགས་ཡོང་མི་ནུས་པ་ཤེས་ཤིང་ཚུལ་མིན་འཁྱོག་པོར་སྤྱོད་པའི་མི་བསྲུན་རྣམས་མཚོན་རྩེར་དྲངས་ཤིང་ཕས་རྒོལ་གྱི་དགྲ་བོ་ཚར་བཅད་པ་སོགས་དམག་དཔུང་རྩལ་ཆེ་སྟབས། ནང་ཆེན་སེང་གེའི་མགོ་ཅན་གྱི་དམག་དཔུང་ཞེས་ཟིལ་ཆེ་བའི་གྲགས་པས་ཁྱབ། ཡ་གསུམ་སྟོད་མར་བསྐྱར་དུ་ཕེབས་མ་ཐུབ་པས། སྐུ་མཆེད་རྒྱལ་རྒན་བསོད་ནམས་བཟང་པོ་ཁྲི་ཚབ་ཏུ་བརྫངས། འདི་པའི་ཁུ་དབོན་གྱི་སྐུ་རིང་ལ་ནང་ཆེན་ཉི་མ་ཤར་ནུབ་ཀྱི་བདག་པོ་ཞེས་སྤོབས་པ་བྱེད་ཆོག་པ་ཞིག་བྱུང་སྐད། དགུང་གྲངས་ང་དྲུག་པར་ཤོར་སྟོད་རྟ་ཟོ་རུ་སྐུ་གཤེགས་སོ། །

༡༢༽ ནང་ཆེན་གདུང་རབས་ང་བཞི་པ་དང་རྒྱལ་རབས་བཅུ་གཉིས་པ་གུར་མགོན་གྱི་སྐབས།

  ནང་ཆེན་རྒྱལ་པོ་བཀྲ་ཤིས་བཟང་པོས་ཧོར་མོ་ཁབ་ཏུ་བཞེས་པ་ལ། སྲས་གུར་མགོན་དང་། རིན་མགོན་གཉིས། རིན་མགོན་གུ་ཤྲཱི་ཆོས་དཔལ་གྲགས་པ་ལས་རབ་ཏུ་བྱུང་། སྐུ་འབུམ་དགོན་གྱི་ཁྲིར་བཞུགས། སྐུ་མཆེད་འདི་གཉིས་ཀྱིས་རྒྱལ་དབང་བྱང་ཆུབ་རྡོ་རྗེ་སྤྱན་དྲངས། དངུལ་རྫས་སོགས་ཀྱི་འབུལ་བ་གྱ་ནོམ་པ་བྱས། གུར་མགོན་གྱིས་སྐུ་འབུམ་དུ་སྡེ་སྲིད་བསྐྱངས།

༡༣༽ ནང་ཆེན་གདུང་རབས་ང་ལྔ་པ་དང་རྒྱལ་རབས་བཅུ་གསུམ་པ་གོ་ཤྲི་བསོད་ནམས་དཔལ་ལྡན་གྱི་སྐབས།

  ནང་ཆེན་རྒྱལ་པོ་གུར་མགོན་ལ། སྲས་བསོད་ནམས་དཔལ་ལྡན་དང་། ཀུན་དགའ་གྲགས་པ་གཉིས་ཡོད། གོ་ཤྲི་བསོད་ནམས་དཔལ་ལྡན་སྤྱི་ལོ་ ༡༥༥༤ ལོར་སྐུ་འཁྲུངས་ ༡༥༩༩ ལོར་སྐུ་གཤེགས་ཞེས་ཡིག་ཚང་ཁ་ཤས་ནང་དུ་འཁོད་འདུག ཀརྨ་པ་དབང་ཕྱུག་རྡོ་རྗེ་སྐུ་འབུམ་དུ་གདན་དྲངས་ཏེ་འབུལ་ཆེན་བསྟབས། གོ་ཤྲཱིའི་ལས་ཀ་གནང་བསྩལ་ཅིང་རྒྱལ་སྲིད་ལ་བཀོད།  མཐར་ནང་ཆེན་དང་སྟག་ལུང་མར་ཐང་རི་བོ་ཆེ་པ་གཉིས་འཆམ་མིན་གྱིས་རི་ཆེར་དམག་ཆེན་ཕབ་པའི་ལམ་དུ་གྲོངས་པར་བཤད།

༡༤༽ ནང་ཆེན་གདུང་རབས་ང་ལྔ་པ་དང་རྒྱལ་རབས་བཅུ་བཞི་པ་ཀུན་དགའ་གྲགས་པའི་སྐབས།

  བསོད་ནམས་དཔལ་ལྡན་སྐུ་གཤེགས་འཕྲལ་གཅུང་ཀུན་དགའ་གྲགས་པས་ཆབ་སྲིད་བསྐྱངས་ཤིང་ཡུལ་ཕྲན་མང་པོ་མངའ་འོག་ཏུ་བསྡུས། འཁྲུངས་འདས་ཀྱི་ལོ་ཚིགས་དང་ལོ་རྒྱུས་གསལ་ཁ་མ་བྱུང་།  

༡༥༽ ནང་ཆེན་གདུང་རབས་ང་དྲུག་པ་དང་རྒྱལ་རབས་བཅུ་ལྔ་པ་བསོད་ནམས་རྣམ་རྒྱལ་གྱི་སྐབས།

  གོ་ཤྲི་བསོད་དཔལ་ལྡན་གྱི་སྲས་བསོད་ནམས་རྣམ་རྒྱལ་ཞྭ་དམར་ཆོས་ཀྱིས་དབང་ཕྱུག་གིས་རྗེས་སུ་བཟུང་། ཀོན་ཏིང་གུ་ཤྲིའི་ལས་ཀ་གནང་སྟེ་རྒྱལ་སར་བཏོན།

༡༦༽ ནང་ཆེན་གདུང་རབས་ང་དྲུག་པ་དང་རྒྱལ་རབས་བཅུ་དྲུག་པ་ཀུན་དགའ་རྒྱལ་པོའི་སྐབས།

  ནང་ཆེན་རྒྱལ་པོ་ཀུ་དགའ་གྲགས་པའི་སྲས་ཀུན་དགའ་རྒྱལ་པོས་ཆབ་སྲིད་བསྐྱངས་པས་སྲིད་ཕྱོགས་ཀྱི་ལས་གནས་ཤིན་ཏུ་རྒྱས་པ་བྱུང་། ཐུགས་དམ་རྟེན་ལ་གསེར་དངུལ་གྱི་འབུམ་རྒྱས་འབྲིང་བསྡུས་བསུམ་བཞེངས་པ་སོགས་མཛད།

༡༧༽ ནང་ཆེན་གདུང་རབས་ང་བདུན་པ་དང་རྒྱལ་རབས་བཅུ་བདུན་པ་བློ་གྲོས་རྒྱལ་པོའི་སྐབས།

  ནང་ཆེན་ཀུན་དགའ་རྒྱལ་པོ་དང་ཡུམ་ངོམ་བཟའ་མ་གཉིས་ལ་སྲས་བློ་གྲོས་རྒྱལ་པོ་དང་། གུ་ཤྲཱི་ཀརྨ་རབ་བརྟན་གཉིས་བྱོན། དང་པོ་བློ་གྲོོས་རྒྱལ་པོ་རབ་ལོ་བཅུ་པའི་ས་ཕག་སྤྱི་ལོ་ ༡༥༩༩ ལོར་འཁྲུངས། རྗེ་འདི་པས་སྲིད་ཁྲི་བཟུང་ཞིང་བཀའ་ཤོག་ཆེད་བསྒྲགས་མཛད་པ་འདི་ལྟ་སྟེ། སེམས་ཅན་བདེ་སྐྱིད་རྒྱལ་བའི་བསྟན་ལ་རག། །བསྟན་པའི་རྒྱལ་མཚན་དགེ་འདུན་སྡེ་ཡིས་འཛིན། །དགེ་འདུན་སྡེ་ནི་ལུགས་གཉིས་ཁྲིམས་ཀྱིས་བཀུར། །སྐྱབས་གནས་བསླུ་མེད་སངས་རྒྱས་བསྟན་པ་ཡིན། །འཇིག་རྟེན་བདེ་བར་བྱེད་པ་རྒྱལ་པོའི་ཁྲིམས། །ཞེས་སོགས་གསུངས་པས་ལུས་སྲོག་ལོངས་སྤྱོད་ཀྱིས་རྒྱལ་བའི་བསྟན་པ་ལ་སྲི་ཞུ་དང་། སེམས་ཅན་བདེ་སྐྱིད་འབྱུང་ཐབས་ལ་འབད་དགོས་པའི་བཀོད་ཁྱབ་བསྒྲགས་ཤིང་ཆོས་སྲིད་བསྐྱངས། དབུས་སུ་ཕེབས་ཏེ་རྒྱལ་དབང་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་ཡབ་སྲས་དང་ཇོ་ཤཱཀ་རྣམ་གཉིས་སོགས་ལྷ་བླ་མ་ཐམས་ཅད་མཇལ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་ནས་ཆོས་འབྲེལ་ཞུས། སྡེ་སྲིད་ཟངས་རི་བ་སོགས་ཆེ་རྒུ་དུ་མས་བཀུར་བཟོས་ཆེ་ཞིང་གནང་སྐྱེས་བསྩལ། ཁམས་སུ་ཕེབས་ནས་མི་རིང་བར་དགུང་གྲངས་སོ་ལྔའི་ཐོག་སོག་པོ་ཁལ་ཁ་ཆོ་ཁུར་གྱི་དཔོན་རིགས་ཤིག་དང་བོད་ཀྱི་ཁྲི་དཔོན་ངན་སྦྲེལ་གྱིས་བཀྲོངས།

༡༨༽ ནང་ཆེན་གདུང་རབས་ང་བདུན་པ་དང་རྒྱལ་རབས་བརྒྱད་པ་གུ་ཤྲཱི་ཀརྨ་རབ་བརྟན་གྱི་སྐབས།

  ནང་ཆེན་རྒྱལ་པོ་གུ་ཤྲཱི་ཀརྨ་རབ་བརྟན་ནི་གོང་སྨོས་ལྟར་ཡབ་ཀུན་དགའ་རྒྱལ་པོ་དང་ཡུམ་ངོམ་བཟའ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ས་བྱི་ལོ་སྟེ་སྤྱི་ལོ་ ༡༦༤༨ ལོར་འཁྲུངས། འོག་མིན་ཀརྨའི་གདན་སར་སི་ཏུ་ཆོས་ཀྱི་རྒྱལ་མཚན་དགེ་ལེགས་དཔལ་བཟང་པོའི་ཞབས་དྲུང་དུ་ཕེབས། མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་ཕུལ། གོ་ཤྲཱིའི་ལས་ཀ་དང་དབང་ཁྲིད་མང་དུ་གནང་། རྒྱལ་སར་བཏོན། མཚན་ཡང་ཀྭན་ཏིང་གུ་ཤྲཱི་ཀརྨ་རབ་བརྟན་ལྷུན་གྲུབ་དཔལ་བཟང་པོ་ཞེས་དང་། རྒྱལ་པོ་འདི་ཡི་སྐུ་དུས་སུ་ནང་ཆེན་པའི་རྒྱལ་ས་སྐུ་འབུམ་དགོན་དུ་བེ་རིའི་དམག་སླེབས། ཡུན་རིང་འཁྲུགས་ཤིང་མཐའ་མ་འཁྱོལ་བས་ས་བཙན་བཟུང་དགོས་བྱུང་སྐབས། སྔོན་ཏི་ཤྲཱི་རས་པས་འདིར་མ་འོངས་པ་སྐོར་ཞིག་ན་བེ་རི་སླེབས་ཡོང་བས་ད་ལྟ་བཞིན་འཐབ་པས་མི་ཐུབ་པས་ཆུ་གསུམ་འདུས་པའི་མདོ་རུ་བྲོས། ཞེས་ལུང་བསྟན་པ་བཞིན་ལྕིའི་གསང་རྫོང་མགོར་སྒར་བཏབ་སྟེ་གནས་སྤར། དེ་ནི་ནང་ཆེན་རྒྱལ་ས་གནས་སྤར་ཐེངས་གསུམ་པ་ཡིན་འདུག དེ་ལྟར་ཆོས་སྲིད་ཀྱི་ལྟེ་གནས་གདན་ས་སྐུ་འབུམ་དགོན་བེ་རིས་གཏོར་ཞིང་རྒྱལ་ས་འཕོ་འགྱུར་བྱུང་བ་ནས་བཟུང་གདན་སའི་ཕོ་བྲང་ནང་སོ་ཆེན་མོའི་ཆོས་ཕྱོགས་ཀྱི་གདན་རབས་མཇུག་སྒྲིལ་བར་མངོན། སྐབས་དེར་གུ་ཤྲཱི་ཀརྨ་རབ་བརྟན་དབུས་ཕྱོགས་སུ་ཕེབས་ནས་ ༧ གོང་ས་ལྔ་པ་ཆེན་པོ་ལ་མདོ་ཁམས་སྟོད་མའི་གནས་ཚུལ་སྙན་སྒྲོན་ཞུས། བེ་རིའི་ལ་རྒོལ་བའི་ཆེད་དུ་སོག་པོར་རྒྱབ་རོགས་ཞུ་བ་སོགས་ཀྱིས་ཡུན་རིང་འགོར་བས། དེའི་བར་ཇོ་ཤཱཀ་སོགས་བླ་མ་དང་རྟེན་གནས་རྣམས་མཇལ་བསྐོར་མཛད་ཅིང་ངང་སྒུག་མཛད་ཚེ་རྒྱལ་དབང་མདུན་ས་ནས་གཟིགས་བཟོས་གང་ལེགས་གནང་། རྒྱལ་པོ་འདི་ཡི་སྐུ་རིང་ལ་གུ་ཤྲཱི་ཧན་དང་མཉམ་དུ་ནང་ཆེན་པའི་ལས་དམག་བྱང་འབྲོག་དགེ་འབྲོང་སོགས་ཁམས་དམག་གི་དཔའ་རྒོད་རྣམས་ཀྱིས་སོག་དཔུང་གི་རུ་སྣ་དྲངས་ཏེ་བེ་རིའི་ཐོག་ཏུ་གཡུལ་ཆེན་བཤམས། ཕ་རོལ་པོས་འཐབ་ར་ཡུན་རིང་མ་བརྟེན་པར་གོ་འཇོ་བསམ་འགྲུབ་གཞུང་གི་བེ་རིའི་སྒར་ཆེན་སྟེང་དུ་བཀབ་ཅིང་བེར་ཕྲུག་ཁམས་རིས་ཁོས་སྐྱིད་གཙོས་བེར་དམག་བརྒྱ་ལྷག་ཡུ་མེད་དུ་བཏང་། བེ་རི་རྒྱལ་པོ་གཡོག་ཉུང་ཤས་ཤིག་མོན་རྫ་ཡུལ་དུ་བྲོས་པས་རེ་ཞིག་ཐར་ཡང་། ཕྱིས་ལས་དབང་བཙན་པས་ལྕགས་འབྲུག་སྤྱི་ལོ་ ༡༦༤༠ ལོར་ལག་ཏུ་ཚུད་ནས་བེ་རི་དོན་ཡོད་ཆབ་མདོའི་རྫབ་དོང་དུ་གསོན་སྐམ་གྱིས་གནར་གསོད་བྱས། ནོར་མང་པོ་འཕྲོག་ཅིང་གཡུལ་ལས་རྒྱལ་བའི་རུ་དར་ཕྱར། སྡིག་བཤགས་དང་ཐུགས་དམ་གྱི་རྟེན་ལ་མདོ་སྐལ་གཉིས་སོགས་རྟེན་གསུམ་མང་དུ་བཞེངས། སོག་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱིས་ནང་ཆེན་གནས་དྲུག་ཁྲི་སྐོར་གྱི་ས་སྡེ་སྔར་བཞག་སོར་གནས་དགོས་པའི་ཤེལ་བམ་འཇའ་ས་བསྒྲགས། དེ་ལྟར་གུ་ཤྲཱི་ཀརྨ་རབ་བརྟན་གྱི་སྐུ་ཚེའི་སྨད་ནས་བཟུང་རྒྱལ་ས་གསང་རྫོང་དུ་གནས་བཅས་ཤིང་ལུགས་གཉིས་ཀྱི་མཛད་པ་རྒྱ་ཆེར་བསྐྱངས། མཐར་དགུང་གྲངས་ཞེ་ལྔ་པ་རབ་བྱུང་བཅུ་གཅིག་པའི་ས་བྱི་སྤྱི་ལོ་ ༡༦༤༨ ལོར་སྐུ་གཤེགས། རྒྱལ་པོ་འདིའི་སྐུ་དུས་སུ་སྐད་རིགས་མི་གཅིག་པའི་སྡེ་མང་པོ་མངའ་འོག་ཏུ་བསྡུས། ཆོས་སྲིད་ནམ་མཁའ་དང་མཉམ། ལུགས་གཉིས་ཀྱི་མཛད་པ་ནང་ཆེན་པའི་རྒྱལ་རབས་གསེར་གྱི་ཕྲེང་བའི་ཟློས་གར་གྱི་ལོ་རྒྱུས་མངོན་པར་བཀྲ་བ་ལས་སྙན་གྲགས་གྱི་བ་དན་སྲིད་རྩེར་བསྒྲེངས་པའི་གྲགས་པ་འབར་བས་བར་དར་གྱི་སྐབས་སོ།།