Central Welfare of Nangchen Nyernga – ནང་ཆེན་ཉེར་ལྔའི་དྲ་བ།

ནང་ཆེན་རྒྱལ་རབས།

༡༩༽ ནང་ཆེན་གདུང་རབས་ང་བརྒྱད་པ་དང་རྒྱལ་རབས་བཅོ་དགུ་པ་མི་དབང་རིན་ཆེན་རྣམ་རྒྱལ་གྱི་སྐབས།

  ནང་ཆེན་རྒྱལ་པོ་གུ་ཤྲཱི་ཀརྨ་རབ་བརྟན་ལ་སྲས་གསུམ་བྱུང་བའི་འབྲིང་བ། མི་དབང་རིན་ཆེན་རྣམ་རྒྱལ་ལམ། ནང་ཆེན་ཨ་ཉོག བློ་བཟང་དབང་དྲག བཀྲ་ཤིས་དར་མ་བསྟན་སྲུང་སྟེ། མིང་གི་རྣམ་གྲངས་དུ་མར་ལྡན་པ་དེ་ཉིད་རབ་བྱུང་བཅུ་གཅིག་པའི་ལྕགས་འབྲུག་སྤྱི་ལོ་ ༡༦༤༠ ལོར་འཁྲུངས། དགུང་ལོ་དགུ་པའི་ཐོག་ནས་ཡབ་གཤེགས་པར་བརྟེན་སྲིད་ཁྲིར་འཁོད་པས་ནང་ཆེན་ཨ་ཉོག་རྒྱལ་པོ་ཞེས་གྲགས། རབ་བྱུང་བཅུ་གཅིག་པའི་ཆུ་རྟ་སྤྱི་ལོ་ ༡༦༤༢ ལོར་གཞུང་ས་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་དབུ་བརྙེས་པའི་ཚེ་མཆོད་ཡོན་མཇལ་ཞུས་ཐོོག ༧ གོང་ས་ལྔ་པ་ཆེན་པོའི་ཞལ་སྔ་ནས། བློ་བཟང་དབང་དྲག་ཞེས་པའི་མཚན་དང་བྱང་ཕྱོགས་དབང་སྒྱུར་རྒྱལ་པོ་ཞེས་པའི་ཆོ་ལོ་འཇའ་ས་བསྒྲགས་ཤིང་མདོ་སྟོད་ཤིང་སྒོ་ཅན་གྱི་ལྷ་སྡེ་མི་སྡེ་མཐའ་དག་གི་རྗེ་བོར་མངའ་གསོལ། གྲུ་འཛིན་གཉིས་པའི་ཕོ་བྲང་བཞེངས་པའི་ཞབས་འདེགས་སོགས་གཞུང་སྲིད་ལ་སྨན་པའི་ཕྱག་བཞེས་ཆེ་བས་ཤེལ་བམ་གཟེངས་བསྟོད་རིམ་པར་བསྩལ། དེ་ལྟར་མི་དབང་རིན་ཆེན་རྣམ་རྒྱལ་འདི་ཉིད་རྒྱལ་ཐབས་ཀྱི་བྱ་བ་ལ་མཁས་ཀྱང་རྒྱུན་དུ་ཐུགས་དམ་ཉམས་བཞེས་གཙོ་བོར་གནང་བས་ཡི་དམ་མང་པོའི་བསྙེན་སྒྲུབ་ཐེབས་ཤིང་རྟགས་མཚན་ཞལ་གཟིགས་མང་། མཐར་རབ་བྱུང་བཅུ་གཅིག་པའི་མེ་སྟག་སྤྱི་ལོ་ ༡༦༨༦ ལོར་སྐུ་གཤེགས་སོ། །

༢༠༽ ནང་ཆེན་གདུང་རབས་ང་དགུ་པ་དང་རྒྱལ་རབས་ཉི་ཤུ་པ་དཀོན་མཆོག་རྒྱལ་པོའི་སྐབས།

  ནང་ཆེན་རྒྱལ་པོ་བློ་བཟང་དབང་དྲག་གི་བཙུན་མོ་བེར་བཟའ་ཁབ་ཏུ་བཞེས་པའི་སྲས་དཀོན་མཆོག་རྒྱལ་པོ་ཞེས་ཆུང་ནས་ཐུགས་སྒམ་ཞིང་ལུགས་གཉིས་ཀྱི་སྤྱོད་བཟང་ཡ་རབས་དྲ་མའི་ཕུལ་དུ་སོན། ལང་ཚོ་དར་ལ་བབ་ནས་དཔའ་རྩལ་སྟོབས་ཤུགས་འགྲན་ཟླ་བྲལ་བར་གྱུར། དེའི་སྐབས་རྒྱལ་ཐང་ཕྱོགས་སུ་འཇང་ས་ཐམ་གྱི་རྒྱལ་པོ་{མོ་བཀའ་གམ་}རྨོག་དཀར་ཟེར་བས་དགའ་ལྡན་ཕོ་བྲང་གི་གཞུང་སྲིད་ལ་ངོ་ལོག་གི་ཟིང་ཆ་བསླངས་པར། གོང་ས་མཆོད་ཡོན་གྱི་བཀའ་ལྟར་སོག་རྒྱལ་གུ་ཤྲཱི་ཧན་གྱི་བུ་བ་དུར་ཐའི་ཇིས་གཙོས་བོད་སོག་གི་དཔུང་དམག་འཇང་ཡུལ་དུ་བཏེགས་པའི་དཔུང་རོགས་སུ། མི་དབང་ནང་ཆེན་དཀོན་མཆོག་རྒྱལ་པོ་དང་། ནང་བློན་སྡོམ་པ་འབུམ་ཚ། ཤེ་ཁེ་ནག་འཛི་སོགས་ཀྱིས་གཙོས་ནང་ཆེན་གྱི་དཔུང་དམག་ཧྲག་བསྡུས་ཤིག་ཆས་ཏེ། བསྟན་དགྲ་ངོ་མ་ནང་ཆེན་དམག་གིས་བཏུལ་བའི་བདག་རྐྱེན་དུ་གཞུང་ས་རྩེ་ཤོད་བྱང་ཕྱོགས་རྒྱལ་པོ་བཅས་པའི་བཀའ་འཇའ་ས་སྔར་ལས་ཁྱད་འཕགས་གནང་བ་བཅས་སྙན་གྲགས་ཤིན་ཏུ་རྒྱས། འོན་ཀྱང་སྐུ་ཚེའི་སྨད་ལ་གསང་རྫོང་དུ་མེ་དགྲའི་གནོད་པར་བརྟེན་གཡེར་ཆེན་གཞུང་དུ་གཞིས་ཀ་སྤོས་ཏེ་རེ་ཞིག་སྦྲ་གུར་ལ་བརྟེན་ནས་ཆགས་པས་ཕྱིས་གཡེར་ཆེན་སྒར་རམ་ནང་ཆེན་སྒར་ཞེས་གྲགས། དེ་ནི་ནང་ཆེན་ཚང་གི་གནས་སྤོས་ཐེངས་བཞི་པའི་གནས་གཞིས་ཡིན་འདུག དུས་ཕྱིས་ཀྱི་རྒྱལ་ས་ལ་ནང་ཆེན་སྒར་ཞེས་སྒར་གྱི་མིང་འབོད་སྲོལ་དེ་ཡང་འདིའི་དུས་སྦྲ་གུར་གྱི་སྒར་ལ་བརྟེན་ནས་བྱུང་བའི་མིང་དེ་སོར་འཇགས་སུ་སོང་བར་སྨོས་མ་དགོས་སོ། །

༢༡༽ ནང་ཆེན་གདུང་རབས་དྲུག་བཅུ་པ་དང་རྒྱལ་རབས་ཉེར་གཅིག་པ་ཕྲིན་ལས་ཚེ་དབང་མཐར་ཕྱིན་གྱི་སྐབས།

  ནང་ཆེན་རྒྱལ་པོ་དཀོན་མཆོག་རྒྱལ་པོ་ལ་བཙུན་མོ་གསེར་བཟའ་ལ་སྲས་གཉིས་བྱུང་བའི་ཆེ་བ་ལ། སྔོན་འབྲི་གུང་སྐྱབས་མགོན་དཀོན་མཆོག་རཏྣས། འདི་ལ་སྲས་མཚན་ལྟས་བཟང་པོ་ཅན་ཞིག་འབྱུང་བ་སོགས་ལུང་བསྟན། མཚན་ཚེ་དབང་མཐར་ཕྱིན་དུ་འདོགས་དགོསཞེས་ལུང་བསྟན་བསྩལ་བའི་ལུང་དོན་དང་མཐུན་པར་བྱུང་བས་མཚན་ཚེ་དབང་ཕྲིན་ལས་མཐར་ཕྱིན་དང་། ཆུང་བར་དཔལ་ལྡེའུ་བཙན་ཞེས་པ་གསོལ། སྲས་ཆེ་བ་ཚེ་དབང་མཐར་ཕྱིན་དགུང་ལོ་བརྒྱད་ནས་སྲིད་ཁྲིར་འཁོད། རིག་པའི་གནས་ཐམས་ཅད་ལ་མཁས་པར་སྦྱངས། དགུང་ལོ་ཉི་ཤུར་ཕེབས་ཚེ་སོག་གུ་ཤྲཱི་ཧན་ཨོ་རོད་རྒྱལ་པོའི་སྲས་བསྟན་འཛིན་དཱའི་ཆིང་གི་མདུན་སར་ཕེབས། ཨི་ཇི་ཐའི་ཇིའི་ཆོ་ལོ་དང་འཇའ་ས་ཤེ་བམ་བསྩལ་ཞིང་མདོ་སྟོད་ཡུལ་ཁམས་སྤྱི་ཡི་རྗེ་བོར་ལུང་བབས། དེ་རྗེས་ལྷ་ལྡན་གཙོས་དབུས་ཕྱོགས་ཀྱི་རྟེན་གཟིགས་ལ་ཕེབས་སྐབས་ ༧ གོང་ས་རྒྱལ་དབང་བདུན་པ་སྐལ་བཟང་རྒྱ་མཚོ་དང་་སོགས་མཇལ་བཅར་ཞུས། རྒྱལ་མཆོག་བདུན་པས་བློ་བཟང་དཔལ་འབར་ཞེས་པའི་ཆོ་ལོ་དང་བཅས། ཤེ་བམ་སྔ་ཕྱི་ལེ་ཚན་རྣམས་ཀྱི་རྒྱབ་སྣོན་བསྩལ། སོག་པོའི་ཐོབ་མིང་ལ་བརྟེན་ནས་ཕྱིས་ནང་ཆེན་ཐའི་ཇི་ཞེས་གྲགས་པ་བྱུང་སྐད། རྒྱལ་པོའི་འདི་ཡིས་ཡང་ཟབ་ཚེས་བཅུའི་སྒྲུབ་ཆེན་གཡེར་ཆེན་སྒར་དང་། རྫ་ར་རུ་སྒར་སོགས་ལ་འཛུགས་པའི་མཐུན་སྦྱོར་གྱི་ཡོན་བདག་འགན་བཞེས་མཛད། རྗེ་བླ་མས་རཏྣའི་གཏེར་བྱོན་གུ་རུའི་སྐུ་ཚབ། མཚན་བརྒྱད་ཞལ་ཐང་བརྒྱད། གུ་རུའི་རྣམ་ཐར། སྐུ་བེར་སོགས་གནང་ནས་མ་འོངས་པར་ཚེས་བཅུ་འཛུགས་པའི་ལུང་བསྟན་གནང་། གསེར་དངུལ་སྤེལ་མས་བྲིས་པའི་བཀའ་བསྟན་གྱིས་གཙོས་གླེགས་བམ་སྟོང་ཕྲག་བརྒལ་བ་དང་། གསེར་ཟངས་ཀྱི་སངས་རྒྱས་སྟོང་སྐུ་སོགས་རྟེན་གསུམ་ཁྱད་པར་ཅན་མང་དུ་བཞེངས། རྗེ་འདི་པ་བཅུ་ཕྲག་རིག་པའི་གནས་ལ་མཁྱེན་པ་སད་ཅིང་འདུལ་འཛིན་དང་སྔགས་པ་མང་པོ་བསྐྱངས་པས་སེར་སྐྱ་མཆོག་དམན་ཀུན་གྱིས་དད་གུས་དང་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། གསུང་རྩོམ་གྱི་རིགས་མང་དུ་ཡོད་འདུག་ཀྱང་ད་ལྟ་མཐོང་ཡུལ་དུ་མ་གྱུར། མཐར་དགུང་གྲངས་སོ་བདུན་ཐོག་སྐུ་གཤེགས་པ་ཙམ་ལས་འཁྲུངས་འདས་ཀྱི་ལོ་ཚིགས་དངོས་སུ་མི་གསལ་ཡང་དཔྱད་ན་རབ་བྱུང་བཅུ་གཉིས་པའི་ནང་སྐོར་ཙམ་ཡིན་པ་མཐོང་ཐུབ་བོ།།

༢༢༽ ནང་ཆེན་གདུང་རབས་རེ་གཅིག་པ་དང་རྒྱལ་རབས་ཉེར་གཉིས་པ་རྒྱལ་པོ་རྡོ་རྗེ་ཚེ་དབང་གི་སྐབས།

  ནང་ཆེན་རྒྱལ་རབས་བཅུ་དྲུག་པ་དཀོན་མཆོག་རྒྱལ་པོས་ཆུན་མ་ཚང་གསར་ཀརྨ་ངང་དར་གྱི་སྲས་མོ་བསམ་ལུ་ཁབ་ཏུ་བཞེས་པའི་སྲས་རྡོ་རྗེ་ཚེ་དབང་དང་སྲས་མོ་ཞིག་འཁྲུངས། སྲས་རྡོ་རྗེ་ཚེ་དབང་ནི་རབ་བྱུང་བཅུ་གཅིག་པའི་ལྕགས་སྤྲེལ་སྤྱི་ལོ་ ༡༦༨༠ ལོར་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་ས་ལུག་སྤྱི་ལོ་ ༡༧༢༤ ལོར། སྔར་གྱི་རྒྱལ་ས་དཔལ་གཞུང་ནས་མཆིལ་སྐེ་དཔལ་གྱི་གཡང་འཁྱིལ་དུ་གནས་སྤར་ནས་སྒར་ས་བཏབ། འབྲི་གུང་སྐྱབས་མགོན་དཀོན་མཆོག་བསྟན་འཛིན་འགྲོ་འདུལ་ཆེད་དུ་གདན་ཞུས་ཀྱིས་སེར་སྐྱ་ཁྲི་ཕྲག་གིས་ཕེབས་བསུ་ཞུས་ཏེ། སྔ་འགྱུར་ཡོ་ག་སྡེ་གསུམ་གྱི་ཡ་གྱལ་རྒྱུད་མ་ཧཱ་ཡོ་གའི་ཆོས་ཚན་ལས་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་ཆེན་མོའི་སྒོ་ནས་སྨིན་གྲོལ་ཟབ་རྒྱས་དང་། རྒྱལ་ཁང་སྔོན་པོ་གསར་བཞེངས་ཀྱི་ས་འདུལ་བྱིན་རླབས་བཅས་ཞག་ཉེར་གཅིག་གི་ཁོངས་སུ་གཅིག་སྦྲེལ་དུ་མཛད། རྗེ་འབངས་ཡོངས་རྫོགས་ཀྱིས་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་བཅུད་མྱངས། ལུགས་གཉིས་ཀྱི་བསླབ་བྱ་དང་བཀོད་ཁྱབ་འཛིན་སྐྱོང་སོགས་ཀྱི་ཐོག་ཞལ་བཀོད་ལེགས་པར་མཛད་བཞིན་རྒྱལ་སྲིད་ལོ་གཅིག་རིང་བསྐྱངས་པའི་ལེགས་ཚོགས་ཀྱི་སྒོ་དུ་མ་སྤེལ་བས་ཆོས་སྲིད་ཡར་ངོའི་ཟླ་བ་བཞིན་འཕེལ། ཡུལ་ཁམས་དགེ་བཅུའི་ཁྲིམས་ཀྱིས་དཀར་འཇམ་ཡུག་གཅིག་ཏུ་བསྐྱངས། ཁྱད་པར་དུ་རྒྱལ་པོ་འདི་ཡི་སྐུ་དུས་སུ། ཤུན་རྩིའི་སྲས་གཡང་ཏྲིང་ཁྲི་ལོ་གཉིས་ཡུན་ནན་ཐེ་ཐུའི་དམག་དང་མི་སྡེ་སྤྱོ་ཁྱབ་ཀྱི་དཔོན་པོ་བྱུང་བཅུ་གཉིས་པའི་ཤིང་འབྲུག་སྤྱི་ལོ་ ༡༧༢༤ ལོར་ཆབ་མདོར་བབས། མདོ་ཁམས་སྒང་དྲུག་གི་དགོན་ཚང་སྒེར་བཙན་ཐམས་ཅད་དེར་བསྡུས། ནང་ཆེན་གནས་དྲུག་ཁྲི་སྐོར་གྱི་མངའ་བདག་རྒྱལ་པོ་རྡོ་རྗེ་ཚེ་དབང་ཤོག་ཟེར་ཞིང་ཕོ་ཉ་སྔོན་རྗེས་གཉིས་ཙམ་སློབས་པས་མཐར་གྱད་བློན་ཨ་ཤག་རྡོར་མགོན་དྲུང་འཁོར་མང་ཙམ་བཅས་བཏང་བས། དེ་དག་ཆབ་མདོར་བསླེབས་ཏེ་དམག་སྤྱི་ཆེན་མོ་དང་མཇལ་འཕྲད་བྱས་ཐོག ཁོང་གིས་ནང་ཆེན་རྒྱལ་པོའི་ལོ་རྒྱུས་ཀྱི་ཆེ་བརྗོད་དང་འབྲེལ་བའི་སྒོ་ནས་སྙན་སྒྲོན་ཞུས་པས། གཞན་དང་མི་འདྲ་བའི་གཟིགས་གཟོས་མི་དབང་རྡོ་རྗེ་ཚེ་དབང་མཆོག་བོད་མདོ་ཁམས་སྟོད་མའི་ཆིང་ཧུ་སྟེ་རྒྱལ་པོར་མངའ་གསོལ། སྔོན་ཆད་ལས་མ་གཡོས་པའི་ས་སྡེ་སོ་སོར་གནས་ཆོག་རྒྱུ་དང་། གོང་ཕ་རྗེ་ནང་ཆེན་ཆིང་ཧུ་རྡོ་རྗེ་ཚེ་དབང་ཞེས་པའི་མཚན་གནས་དང་། བཀའ་རྟེན་ཤེ་བམ། ཨིནྡྲ་ནཱི་ལའི་ཏོག་བཅས་གནང་། མངའ་འོག་ནང་སྡེ་ཤོག་ཆེན་བཅོ་བརྒྱད་དང་། ཤོག་ཕྲན་བཅོ་ལྔ། ཕྱི་སྡེ་དེམ་ཆི་ཉེར་ལྔར་གྲགས་པའི་དཔོན་པོ་རྣམས་ལའང་། བེ་ཧུ་དང་བེ་ཅང་ཞེས་པའི་ཆོ་ལོ། ཏོག་དཀར་སེར་ཁེར་གམ་སོགས་གནང་བ་མ་ཟད། ཁྲིམས་ཡིག་བཅས་སོ་སོའི་འཆང་རྒྱུ་ཁྲིམས་ཡིག་གོང་སྔོན་སྤར་མ་རེ་བསྩལ། དཔྱ་ཁྲལ་སྔར་སོག་པོ་ལ་དགོས་པའི་རྟ་ནོར་ལུག་གསུམ་མི་གྲངས་བཅས་མཚོ་སྔོན་པོའི་ཁ་ནས་འོང་བའི་སོག་སྡེ་ཆོས་འཁོར། ཇོ་རག ཇུ་མུར། བ་ཡན་སོགས་མགོ་བཏགས། སོག་རུ་མའང་སྔར་བཞིན་གནས་དགོས་པའི་རྒྱབ་གནོན་བསྩལ། སྤྱི་ལོ་༡༧༢༥ལོར་ཆིང་གོང་མས་ནང་ཆེན་རྒྱལ་པོ་རྡོ་རྗེ་ཚེ་དབང་ལ་ཆིང་ཧུ་རྡེ་རྗེ་ཚེ་དབང་ཞེས་པའི་ཆེ་སྟོད་བསྩལ།…

༢༣༽ གདུང་རབས་རེ་གཉིས་པ་དང་རྒྱལ་རབས་ཉེར་གསུམ་པ་ཝང་དཀོན་མཆོག་དཔལ་འབྱོར་ཚེ་བརྟན་གྱི་སྐབས།

  ནང་ཆེན་རྒྱལ་པོ་རྡོ་རྗེ་ཚེ་དབང་གི་བཙུན་མོ་གདོང་བཟའ་ལ་སྲས་གསུམ་བྱུང་བའི་ཆེ་བ་དཀོན་མཆོག་དཔལ་འབྱོར་ཚེ་བརྟན་ ༡༧༡༨ལོར་སྐུ་འཁྲུངས། དགུང་ལོ་བཅུ་དྲུག་ནས་སྡེ་སྲིད་ཀྱི་འགན་བཞེས་མཛད། ཤར་ཕྱོགས་གོང་མ་ཆེན་པོའི་ལུང་གི་ཆིང་ཧུ་དཀོན་མཆོག་དཔལ་འབྱོར་ཝང་ཚེ་བརྟན་ཞེས་པའི་མཚན་དང་ཤེལ་འཕྲུལ་བཅས་གནང་ཞིང་བཀུར་བཟོས་མཐོ་བར་བསྔགས། རང་སྲིད་བརྟན་ལྷིང་དང་ཡུལ་སྡེ་བྱམས་པས་སྐྱོང་བ་སོགས་ལུགས་གཉིས་དགེ་བར་བསྐྱངས། སྐུ་ཚེའི་སྨད་དུ་འབྲི་གུང་ཆོས་ཀྱི་ཉི་མའི་མདུན་ནས་རབ་ཏུ་བྱུང་སྟེ་ཡང་དབེན་ཁང་དུ་བཞུགས་པས་ཡང་དབེན་རྒྱལ་བླ་ཞེས་གྲགས་སོ།། མཐར་སྤྱི་ལོ་ ༡༧༦༣ ལོར་སྐུ་གཤེགས་སོ།

༢༤༽ ནང་ཆེན་གདུང་རབས་རེ་གསུམ་པ་དང་རྒྱལ་རབས་ཉེར་བཞི་པ་དོན་གྲུབ་ཚེ་བརྟན་གྱི་སྐབས།

  ནང་ཆེན་རྒྱལ་པོ་དཀོན་མཆོག་དཔལ་འབྱོར་ཚེ་བརྟན་གྱིས་ཆུང་མ་རག་བཟའ་ཁབ་ཏུ་བཞེས་པ་ལ་སྲས་གསུམ་བྱུང་བའི་ཆེ་བ་དོན་གྲུབ་ཚེ་བརྟན་མཆོག་སྤྱི་ལོ་ ༡༧༥༢ སྐུ་འཁྲུངས་། དགུང་གྲངས་བཅུ་གསུམ་ཐོག་ནས་རྒྱལ་སྲིད་ལ་མངའ་གསོལ། ཟི་ལིང་ཨམ་བན་གྱིས་ཆིང་ཧུ་དོན་གྲུབ་ཚེ་བརྟན་ཞེས་ཨིནྡྲ་ནཱི་ལའི་ཏོག་དང་ཁེར་གམ་བསྩལ། དབུས་ལྷ་སར་ཕེབས། གོང་ས་བརྒྱད་པ་རྒྱལ་བ་འཇམ་དཔལ་ལུང་རྟོགས་རྒྱ་མཚོ་དང། སྲིད་ཚབ་ཀུན་བདེ་གླིང་པའི་མདུན་ནས་ཕེབས་བསུ་བདག་རྐྱེན་ཚད་མེད་བཅས་རྒྱལ་བརྒྱུད་སོར་འཛིན་དགོས་པའི་བཀའ་ཁྱབ་དང་། འཇའ་ས་ཤེ་བམ་བསྩལ་ཞིང་སྣེ་ལེན་བཟང་པོ་མཛད། སྤྱི་ལོ་ ༡༧༨༥ ལོར་གོར་ཥ་དང་བོད་གཉིས་ཕན་ཚུན་གཡུལ་འཁྲུགས་སྐབས་བོད་གཞུང་གིས་མདོ་ཁམས་ཀྱི་དམག་ཡོང་དགོས་པའི་བཀའ་བཀོད་ལྟར། ནང་ཆེན་རྒྱལ་པོ་དོན་གྲུབ་ཚེ་བརྟན་ནས་རང་ཉིད་ཀྱིས་དམག་སྤྱི་མཛད་དེ་གཙང་ཕྱོགས་སུ་ཁམས་དམག་དྲངས་ཏེ། གོར་ཥའི་བཙན་འཛུལ་ལ་རྡུང་རྡེག་ཚ་ནན་གྱིས་མཐར་སྤྲོད་བཏང་སྟེ་གཞུང་སྲིད་ལ་བྱས་རྗེས་ཧ་ཅང་ཆེ་བས། ༧ གོང་ས་མཆོག་དང་སྡེ་པ་གཞུང་ནས་གཟེངས་བསྟོད་དང་གནང་སྦྱིན་ཚད་མེད་ཐོབ་སྟེ་རང་ཡུལ་ལ་ཕྱིར་ཕེབས། ལུགས་གཉིས་ཀྱི་མཛད་རྗེས་མངོན་པར་བཀྲ་བའི་རྒྱལ་ཁམས་རྫོགས་ལྡན་གྱི་དཔལ་ལ་འགྲན་མི་བཟོད་པའི་བདེ་སྐྱིད་འཕེལ། མཐར་སྤྱི་ལོ་ ༡༨༢༦ ལོར་སྐུ་གཤེགས།

༢༥༽ ནང་ཆེན་གདུང་རབས་རེ་བཞི་པ་དང་རྒྱལ་རབས་ཉེར་ལྔ་པ་བསོད་ནམས་ཆོས་འཕེལ་གྱི་སྐབས།

  ནང་ཆེན་རྒྱལ་པོ་དོན་གྲུབ་ཚེ་བརྟན་གྱིས་དགེ་རྒྱལ་བེར་བཟའ་མ་ཁབ་ཏུ་བཞེས་པའི་སྲས་བསོད་ནམས་ཆོས་འཕེལ་ནི སྤྱི་ལོ་༡༧༨༩ ལོར་སྐུ་འཁྲུངས། དགུང་ལོ་བཅུ་དྲུག་ཐོག་ནས་དབུས་ལྷ་ལྡན་དུ་ ༧ རྒྱལ་མཆོག་བརྒྱད་པ་ལུང་རྟོགས་འཇམ་དཔལ་རྒྱ་མཚོ་མཇལ་བར་ཕེབས་ཀྱང་ལོ་དེར་སྐུ་མྱ་ངན་ལས་འདས་པའི་དུས་ཐོག་ཏུ་ཁེལ་ནས་མ་མཇལ། སྲིད་ཚབ་ཀུན་བདེ་གླིང་གིས་སྣེ་ལེན་བཀུར་བཟོས་བཅས་རྒྱལ་བརྒྱུད་སྔར་ལྟར་འཛིན་དགོས་པའི་འཇའ་ས་ཤེ་བམ་སྔར་རྒྱུན་བཞིན་བསྩལ། མངའ་འབངས་དགེ་བཅུའི་ཁྲིམས་ལ་བཀོད། མན་ཆིང་གོང་མ་ཆིང་ལུང་གི་བཀའ་ཡི་ཕྱིང་སང་པ་ཇ་གོ་ཆེ་ཞེས་པ་ནང་ཆེན་སྒར་དུ་འབྱོར་ཏེ། ཏོག་ཁེར་གམ་སོགས་ཐོབ་གཟོས་ཕུལ་ཞིང་མདོ་ཁམས་ཆོས་བཞིན་སྐྱོང་བའི་རྒྱལ་པོ་ཞེས་པའི་ལུང་གིས་བསྔགས། རྒྱལ་སྲིད་ཆོས་བཞིན་སྐྱོང་བའི་མུར་དགུང་ལོ་སོ་བདུན་ལས་མ་འཚོ་བར་སྤྱི་ལོ་ ༡༨༢༦ ལོར་སྐུ་གཤེགས་པས།

༢༦༽ ནང་ཆེན་གདུང་རབས་རེ་ལྔ་པ་དང་རྒྱལ་རབས་ཉེར་དྲུག་པ་དཀོན་མཆོག་ལྷ་རྒྱལ་གྱི་སྐབས།

  དེའི་སྲས་གྲྭའུ་དཔོན་མོར་སྲས་ཨ་བྷོ་བསོད་ནམས་ལྡེའུ་བཙན། ཆིང་ཧུ་དཀོན་ལྷ་རྒྱལ། རི་ཆེའི་ཡང་དགོན་རྗེ་དྲུང་། སྲས་མོ་ཚེ་རིང་དཔལ་མཚོ་སོགས་མིང་སྲིང་འགའ་བྱུང་བ་ལས། མི་དབང་དཀོན་མཆོག་ལྷ་རྒྱལ་ནི་རབ་བྱུང་བཞི་པའི་ལྕགས་སྟག་སྤྱི་ལོ་ ༡༨༡༩ ལོར་འཁྲུངས། དགུང་གྲངས་ཉེར་གཉིས་ཐོག་ནས་ཆོས་སྲིད་གཉིས་ཀྱི་ཁྲིར་འཁོད། གཏེར་ཆེན་བདུད་འདུལ་རྡོ་རྗེའི་གཏེར་ལུང་ལས། མདོ་ཁམས་ཆོས་ལྡན་ཡིག་དྲུག་སྐུལ་མཁན་དུ༔ བྱང་སེམས་སྤྲུལ་པ་དཀོན་མཆོག་ལྷ་རྒྱལ་ཞེས༔ རྒྱལ་ཁམས་ཆོས་ལ་སྤྱོད་པའི་སྐྱེས་བུ་འབྱུང༔ ཞེས་ཨོ་རྒྱན་དུས་གསུམ་མཁྱེན་པའི་རྡོ་རྗེའི་ལུང་གིས་བསྔགས་པ་ལྟར། སྐུ་ན་ཆུང་ངུའི་དུས་ནས་དམ་པའི་ངང་ཚུལ་ལྷན་སྐྱེས་སུ་མངའ་ཞིང་། འདིའི་སྐུ་ཚེའི་སྟོད་དུ། ཆིང་ཇ་གོ་ཆེ་ཏཱ་ལོ་ཡན། ཚང་ཡན་ཚེ་ཏཱ་ལོ་ཡན། སྲི་ཀོ་ཡན། བློ་བཟང་ལོ་ཙཱ་བ་བཅས་རྫ་དཀར་མོ་སྙིང་ཐང་དུ་བབས་ནས། དེམ་ཆི་ཉེར་ལྔ། ཨ་ཁྲོ་ཚོ་བདུན། རྒྱ་སྡེ་ཁག་གསུམ་བཅས་ཚོ་ཁག་སོ་ལྔ་དག་ཐེར་བཀོད་སྒྲིག་གི་ཆོལ་སྒར་བསྡུས་པའི་ཚོགས་ཆེན་ཐོག་ཏུ་རྒྱལ་བློན་ལྷན་རྒྱས་ཕེབས། ནང་ཆེན་ཆིང་ཧུ་དཀོན་མཆོག་ལྷ་རྒྱལ་ཞེས་པའི་མཚན་དང་ཆོ་ལོ། དྭངས་ཤེལ་གྱི་ཏོག་བཅས་བསྩལ། རབ་བྱུང་བཅུ་བཞི་པའི་ཆུ་ཁྱི་སྤྱི་ལོ་ ༡༨༦༢ ལོར་ཉག་རོང་མགོན་པོ་རྣམ་རྒྱལ་ལམ་ཉག་རོང་བུ་ཞར་མར་གྲགས་པས་ཁམས་ཁུལ་ཡོངས་རྫོགས་ལ་དབང་བསྒྱུར་བའི་རེ་ངན་འཆང་བའི་དཔུང་དམག་ཚར་བཅད་དེ་ཕམ་པར་བཟོས། དེ་རྗེས་ཨ་མདོ་སྟག་ཚང་གི་ཕྱོགས་ནས་དཔུང་དམག་ཐེངས་གཉིས་ཙམ་སླེབས་ཀྱང་རེ་རེ་བཞིན་ཚར་བཅད་དེ་རྒྱལ་ཁ་བླངས་པ་སོགས་ཞི་དྲག་གཉིས་ཀྱིས་རྒྱལ་ཁམས་བདེ་ལ་བཀོད་པས། མི་དབང་དཀོན་མཆོག་ལྷ་རྒྱལ་ཞེས་གྲགས་སྙན་སྲིད་ན་འབར། མངའ་འབངས་ཡོངས་ལ་དགེ་བ་བཅུའི་ཁྲིམས་བསྡམས། ཉམ་ཆུང་བྱམས་པས་བསྐྱངས་ཤིང་རྨུ་རྒོད་རྣམས་དྲག་པོས་མནན། རྒྱལ་ཁམས་རྒན་མོ་གསེར་ཁུར་གྱི་ལམ་བགྲོད་པའི་ཞི་འཇམ་བྱུང་བ་སོགས་རྒྱལ་སྲིད་ཆོས་བཞིན་བསྐྱངས་པས། དེ་ལྟར་ལུགས་གཉིས་ཀྱི་མཛད་པ་རེ་ཞིག་རྫོགས་པའི་ཚུལ་གྱིས་རབ་བྱུང་བཅོ་ལྔ་པའི་ལྕགས་ལུག་སྤྱི་ལོ་ ༡༨༧༡ ལོར་ནང་ཆེན་སྒར་དུ་སྐུ་གཤེགས་སོ།།

༢༧༽ ནང་ཆེན་གདུང་རབས་རེ་དྲུག་པ་དང་རྒྱལ་རབས་ཉེར་བདུན་པ་དོན་གྲུབ་ལྷ་རྒྱལ་གྱི་སྐབས།

  ནང་ཆེན་རྒྱལ་པོ་དཀོན་མཆོག་ལྷ་རྒྱལ་གྱིས་གུ་ཚ་བཟའ་བདེ་སྒྲོན་ཁབ་ཏུ་བཞེས་པའི་སྲས་དོན་གྲུབ་ལྷ་རྒྱལ་རབ་བྱུང་བཅུ་བཞི་པའི་ལྕགས་ཕག་སྤྱི་ལོ་ ༡༨༥༢ ལོར་འཁྲུངས། རྒྱལ་དབང་ཐེག་མཆོག་རྡོ་རྗེ་དང་འབྲུག་ཆེན་མི་འགྱུར་དབང་གི་རྒྱལ་པོ་མཆོག་ཟུང་གི་དགོངས་པ་གཅིག་མཐུན་གྱིས་ཨ་ལྡེའི་དཔལ་ལྡན་འགྱུར་མེད་ཀྱི་ཡང་སྲིད་དུ་ངོས་འཛིན་གནང་། དེ་སྐབས་རྒྱལ་སྲིད་འཛིན་སྐྱོང་ཐུབ་པའི་སྐུ་མཆེད་གཞན་མེད་པར་བརྟེན། ཁྱུང་པོ་ནག་རུ་བཟའ་གཡུང་དྲུང་ཚེ་རིང་དཔལ་འཛོམས་བཙུན་མོར་བཞེས་ཤིང་། ༧ རྒྱལ་བ་སྐུ་ཕྲེང་བཅུ་གཉིས་པ་ཕྲིན་ལས་རྒྱ་མཚོའི་མདུན་ནས་རྒྱལ་བརྒྱུད་དང་རྒྱལ་ས་སྔར་བཞིན་སྐྱོང་དགོས་པའི་འཇའ་ས་བཀའ་ཤོག་གནང་བ་བཞིན་ཆོས་སྲིད་གཉིས་ལྷན་གཅིག་ཏུ་བསྐྱངས། དེ་ལྟར་ཆོས་སྲིད་ལུགས་གཉིས་ཀྱི་མཛད་པ་རྒྱ་ཆེར་སྐྱོང་བཞིན་པའི་མུར་རབ་ཚེས་ཤིང་སྤྲེལ་སྤྱི་ལོ་ ༡༨༨༤ ལོར་རྒྱལ་ཟླ་བའི་ཚེས་ ༣ ཉིན་དགོངས་མོ་ཞི་བའི་དབྱིངས་སུ་གཤེགས།

༢༨༽ ནང་ཆེན་གདུང་རབས་རེ་བདུན་པ་དང་རྒྱལ་རབས་ཉེར་བརྒྱད་པ་དབང་དྲག་ཚེ་རིང་ལྷ་རྒྱལ་གྱི་སྐབས།

  ནང་ཆེན་རྒྱལ་པོ་དོན་གྲུབ་ལྷ་རྒྱལ་གྱི་སྲས་ཆིང་ཧུ་མི་རྗེ་དབང་དྲག་ཚེ་རིང་ལྷ་རྒྱལ་ནི། དེའང་ཀརྨ་པ་ལྔ་པ་དེ་བཞིན་གཤེགས་པའི་ལུང་བསྟན་ལས། སྒོམ་སྡེའི་ནང་དུ་སྤྱན་རས་གཟིགས། །སྤྲུལ་པའི་འོད་ཟེར་ཆ་ཤས་ཤིག །སྦས་པའི་ཚུལ་གྱི་རྒྱལ་པོར་འོང་། །དེ་ཡི་རིང་ལ་སྒོམ་སྡེ་བདེ། །དེ་འདས་སྒོམ་ཕྱོགས་ཉམས་པར་འགྱུར། །ཞེས་ལུང་པ་བསྟན་ལྟར། རབ་བྱུང་བཅུ་བཞི་པའི་ཤིང་བྱ་སྤྱི་ལོ་ ༡༨༨༥ ལོར་བོད་ཟླ་ ༢ ཚེས་ ༢༥ ཉིན་སྐུ་འཁྲུངས། དེའང་སྲས་ཡུམ་གྱི་མངལ་དུ་ཡོད་པའི་སྐབས་ཡབ་གཤེགས་པས་དེའི་རྗེས་ཐོག་ཏུ་སྐུ་བལྟམས་པར་བཤད། དགུང་གྲངས་ཉེར་གཅིག་ཐོག་ར་དྭ་བཟའ་བཙུན་མོར་བསུས་ཤིང་རྒྱལ་སྲིད་བཟུང་། རྗེ་འདི་པར་ཆོས་སྲིད་ཀྱི་མཛད་པ་རྒྱ་ཆེ་ཞིང་ཡ་རབས་དཔའ་མཛངས་དང་ལྡན་པའི་བཀའི་གྱད་བློན་རྣམས་ལ་བྱས་རྗེས་བཞིན་ཤེ་བམ་གྱི་རིམ་པ་སོ་སོར་བསྩལ། བཀའ་ཁྲིམས་དྲང་པའི་དཔེར་འོས། དུས་སྐབས་དེར་བོད་སྲིད་གཞུང་དགའ་ལྡན་ཕོ་བྲང་གིས་དབང་བསྒྱུར་བའི་སྐབས་ལ། རང་སྡེ་རང་གཅེས་ལེགས་པོ་མ་བྱུང་བས། བོད་ཡུལ་སྤྱིར་ཟིང་ཆའི་མགོ་ལང་བའི་སྔ་ལྟས་སུ། བོད་མི་རིགས་ནང་ཁུལ་དུ། ཆོས་ལུགས་ཀྱི་འཐེན་འཁྱེར་དང་། ཚོ་བ་ཕན་ཚུན། དེ་བཞིན་ཁམས་དབུས་བར་བོད་ནང་ཁུལ་དུ་གཡོ་སྒྱུ་དང་ཁྲམ་ཤེད་ཀྱིས་འགལ་བའི་ཟིང་ཆ་ཆེ་བར་མ་ཟད། ཟི་བོད་བར་སོགས་ཀྱི་འགལ་བ་དེ་དག་ཉིན་བཞིན་རྣོ་ངར་ཁྱབ་རྒྱ་ཇེ་ཆེར་འགྲོ་བཞིན་པའི་དུས་སྐབས་དེར། མདོ་སྟོད་སྨད་ཕལ་ཆེར་རྨ་ཆུ་ཚང་གིས་བདག་གིར་བཟུང་བའི་དུས་མཚུངས་མི་དབང་དཀོན་མཆོག་ལྷ་རྒྱལ་གྱི་སྐུ་ཚེའི་སྨད་ལ་སྒོམ་སྡེ་ཉམས་སད་པའི་ཚོད་དཔག་གི་ཕྱིར་དེམ་ཆུ་ཉེར་ལྔའི་ས་ཁུལ་ལེན་རྩིས་ཀྱིས་བོད་གཞུང་གིས་དྲག་པོའི་དཔུང་འཇུག་རབ་རྒྱལ་ཆུ་སྤྲེལ་སྤྱི་ལོ་ ༡༩༣༢ ལོར་བྱས་ཏེ་སྐྱེ་རྒུ་མདོ་བར་བཀབ། ཟུར་མང་རྣམ་རྒྱལ་རྩེའི་ལྷ་ཁང་མེར་བསྲེགས་པ་སོགས་བྱས་པ་ལ། སླར་ཟི་ལིང་མཱ་པུ་ཧྥང་གིས་རྒྱ་དམག་གི་དཔུང་ཤུགས་རིམ་སྣོན་བྱས་པར་བརྟེན། དབུས་དམག་ཕམ་ཉེས་གྱུར་ནས་དཔུང་གིས་ཡུན་རིང་མ་བརྟེན་པར་རི་བོ་ཆེ་དང་ཚོ་པའི་ས་མཚམས་བར་ཕྱིར་འཐེན་བྱེད་དགོས་བྱུང་བ་སོགས་རྨ་ཆུ་ཚང་དང་། བོད་གཉིས་ཀྱི་བར་ཟིང་ཆ་ལངས་སྐབས། རྒྱལ་པོ་འདི་ཉིད་ཕྱོགས་སུ་མ་ལྷུང་བར་བརྟན་བརླིང་བརྗིད་གསུམ་གྱིས་རང་ཚུགས་མ་ཤོར་བར་བཞུགས་ཚུལ་མཁས་པས་གནོད་སྐྱོན་མ་བྱུང་བས་ཐུགས་སྒམ་པའི་ཚད་དུ་སོན། དགུང་གྲངས་རེ་དགུ་པ་རབ་རྒྱལ་ལྕགས་སྟག་སྤྱི་ལོ་ ༡༩༥༠ ལོར་ནང་ཆེན་ཕོ་བྲང་སྔོན་པོར་ཟླ་བ་ ༣…