བོད་རྒྱལ་ཞེ་གཉིས་པ་ཁྲི་གཙུག་ལྡེ་བཙན་ནམ་ཁྲི་རལ་པ་ཅན་ནི། ཡབ་ཁྲི་ལྡེ་སྲོང་བཙན་དང་། ཡུམ་འབྲོ་བཟའ་ཁྲི་མ་ལེགས་གཉིས་ཀྱི་སྲས་སུ་དུས་རབས་དགུ་པ་མེ་ཁྱི་ཕྱི་ལོ་༨༠༦ ལོར་སྐུ་འཁྲུངས། ཆོས་རྒྱལ་འདི་ཉིད་དགུང་ལོ་བཅུ་གསུམ་བཞེས་པ། ཤིང་ལུག་ཕྱི་ལོ་ ༨༡༥ ལོར་ཡབ་གཤེགས་པ་དང་རྒྱལ་སར་འཁོད་དེ། སྔ་རྟིང་དུ་བཙུན་མོ་ལྔ་ཁབ་ཏུ་བཞེས་ཀྱང་སྲས་མ་བྱུང་། དེ་ནས་དགུང་ལོ་ ༡༦ པའི་ཕྱི་ལོ་ ༨༢༣ ལོར་བོད་རྒྱ་གཉིས་འདུམ་སྒྲིག་གིས་ས་མཚམས་རྨེ་རེ་ལ་རྡོ་རིང་བཙུགས། ཐང་རྒྱལ་ཁབ་ཀྱི་རྒྱལ་ས་ཁྲང་ཨན་དང་། བོད་རྒྱལ་ཁབ་ལྷ་སའི་གཙུག་ཁང་གི་མདུན་དུའང་རྡོ་རིང་རེ་བཙུགས། ཕྱིན་ཆད་བོད་བོད་ཡུལ་ན་བདེ། རྒྱ་རྒྱ་ཡུལ་ན་བདེ་ཞེས་ས་མཚམས་ཡན་ཆད་ལ་ཕན་ཚུན་དམག་མི་དྲངས་བའི་མནའ་བསྐྱལ་དམ་བཅའ་བཞག་པར་གྲགས། བོད་ཁམས་སྨད་ཕྱོགས་གཙོ་བོ་གྱུར་བའི་ས་གནས་མང་པོར་མཁར་ཆེན་སུམ་ཅུ་སོ་བདུན་ཙམ་བརྩིགས། རྒྱ་བོད་ཕན་ཚུན་དམག་དྲངས་རེས་སྐབས་གཅེས་མཁར་ཉི་ཤུ་རྩ་བཞི་ཡར་བཅད་དེ་མངའ་འོག་ཏུ་བསྡུས་པར་གྲགས་སོ།།
བཙན་པོའི་བྱ་བ་གསུམ་ལས་མ་འདས་པར་རྒྱ་གར་དང་། ལི་ཡུལ། ཁ་ཆེ། རྒྱ་ནག བལ་པོ། བོད་བཅས་ཀྱི་བཟོ་བོ་མཁས་པ་མང་པོ་བཀུག་སྟེ། འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་རྩེག་དགུ་ཡོད་པ་ཞིག་བཞེངས། རྗེ་ཉིད་ཆོས་ལ་ཤིན་ཏུ་དད་ཅིང་། རབ་བྱུང་བ་ཡོངས་ལ་བཀུར་སྟི་ཚད་མེད་མཛད། གཞན་ཡང་ཡིག་གཟུགས་ལེགས་པ་རྣམས་ལ་གླ་ཡོན་གོ་གནས་ཕུལ་བ་དང་། འཚོ་རྟེན་ས་ཞིང་དོར་གཅིག་སོགས་གནང་བའི་སྲོལ་དོད་པས་བོད་ཀྱི་ཡིག་གཟུགས་གོང་འཕེལ་འགྲོ་བར་སྐུལ་ལྕག་ཆེན་པོ་ཐེབས། དེ་བཞིན་རྒྱ་གར་གྱི་ཁ་ཆེའི་པཎྜི་ཏ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། བིདྱཱ་ཀ་ར་པྲ་བྷ་དེ་དང་། དྷཱ་ན་ཤཱི་ལ་དང་བཞི་སྤྱན་དྲངས། འགྱུར་སྐྱོན་བརྒྱད་ལེགས་པར་བཅོས། སྔར་གྱི་བསྒྱུར་བ་མི་ཉམས་པ། ཕྱིས་འགྱུར་སློབ་པ་རྣམས་ལ་ཕན་པའི་ཡན་ལག་ཏུ། སྔར་བསྒྱུར་བའི་གསུངས་རབ་ཕལ་ཆེར་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། དཀར་ཆག་གི་ཡི་གེ་གསུམ་ཡང་མཛད་ནས། གསང་སྔགས་ནང་གི་རྒྱུད་རྣམས་བཀའ་གཉན་པས་སྣོད་ལྡན་མ་གཏོགས་སྣོད་མིན་བྱིངས་སུ་སྤྱོད་ཡུལ་དུ་མ་གྱུར་པས་སྔ་འགྱུར་རང་ལམ་དུ་འཇོག་པར་མཛད་དོ།།
དེ་ནས་དགེ་བདུན་སྡེ་ལ་གཞན་དང་མི་འདྲ་བར་དམིགས་བསལ་དབང་ཆ་སྤྲད་པ་དང་ཁྲིམས་ལུགས་ཀྱང་བཞག་པ་སོགས་དོན་རྐྱེན་ཕྲན་བུ་ལ་བརྟེན་ནས། དགུང་ལོ་སོ་གཅིག་པའི་མེ་འབྲུག་ཕྱི་ལོ་༨༣༦ ལོར་མལ་གྲོ་ཞམ་པའི་ཕོ་བྲང་ན་རྒུན་ཆང་མྱོས་པར་བཞེས་ཏེ་གསེར་ཁྲི་ལ་གཟིམས་པའི་ཚེ། དབས་སྟག་སྣ་ཅན་དང་། ཅོག་རོ་ལྷ་ལོད། ལེགས་སྡུག་བཙན་གསུམ་གྱིས་དབུང་ལྟག་ཏུ་བསྐོར་ནས་བཀྲོངས། བང་སོ་ནི་དོན་མཁར་མདའི་གཡོན་ཕྱོགས་སུ་བརྩིགས་སོ།།
སད་ན་ལེགས་མཇིང་།
སྤུ་རྒྱལ་ཁྲི་ལྡེ་སྲོང་བཙན་གྱི་མཚན་གཞན་ཞིག་སྟེ། རྒྱལ་སྲས་འདིའི་སྐུ་རིང་ལ་ཡབ་རྗེ་ཁྲི་སྲོང་ལྡེ་བཙན་དང་གཅེན་མུ་ནེ་བཙན་པོ་སྔ་རྗེས་འདས་གྲོངས་སུ་གྱུར་ཞིང་། འཕྲལ་དུ་འབངས་རྣམས་ཀྱིས་གྲོས་མཛད་དེ། རྒྱལ་སྲས་རང་རྒྱལ་སར་འཁོད་ན་ལེགས་སམ། ཡང་ན་བློན་པོ་མཛངས་པ་ཞིག་རྒྱལ་སྲིད་ལ་བསྐོས་ན་ཡོང་མིན་གྱི་གྲོས་དོན་སྣ་ཚོགས་མཛད་པས་མཐར་རྒྱལ་བུ་འདི་རྒྱལ་པོ་ཡོང་ངམ་མི་ཡོང་སད་པར་ཁ་འཆམས་ནས། རྒྱལ་པོ་དགུང་ལོ་བཅུ་གསུམ་སྐབས་རྒྱལ་སར་དབང་བསྐུར་བ་དང་རྒྱལ་སྲིད་གཏད་པས། སད་པ་བཞིན་ལེགས་པར་བྱུང་བར་གྲགས། དེ་ནས་བཟུང་རྒྱལ་པོ་འདིའི་མཚན་ལ་སད་ན་ལེགས་མཇིང་ཡོན་ཞེས་གྲགས་པ་ཡིན་ནོ།།