Central Welfare of Nangchen Nyernga – ནང་ཆེན་ཉེར་ལྔའི་དྲ་བ།

སྦིར་རི་ནང་ཆེན་གཞིས་ཆགས།

གཞིས་ཆགས་འདི་ཡི་ཁྱབ་ཁོངས་སུ་ནང་ཆེན་གཞིས་ཆགས་ཁག་གཉིས་ཡོད་འདུག སྦིར་ནང་ཆེན་གཞིས་ཆགས་དང་། སྦིར་བོད་ཚོགས་ནང་ཆེན་གཞིས་ཆགས་གཉིས་ཡིན། དང་པོ་སྦིར་ནང་ཆེན་གཞིས་ཆགས་ནི་གཏེར་ཆེན་མཆོག་གྱུར་གླིང་པའི་སྐུ་ཕྲེང་གསུམ་པ་པདྨ་འགྱུར་མེད་རྒྱ་མཚོ་རིན་པོ་ཆེ་མཆོག་གི་སྐུ་འཁོར་རྣམས་སྤྱི་ལོ་ ༡༩༥༨ ལོའི་ཟླ་ ༦ པའི་ནང་ནས་འབྲས་ལྗོངས་སུ་ཕེབས། རྒྱ་གར་གྱི་ནང་པའི་གནས་ཆེན་ཁག་དང་བལ་ཡུལ་གྱི་གནས་ཆེན་ཁག་གནས་སྐོར་གྲུབ་ནས་ཕྱིར་འབྲས་ལྗོངས་སུ་ཕེབས་ནས་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་རྣམ་པའི་མཉམ་དུ་ཕྱིར་བོད་ལ་ཕེབས་འཆར་ཡོད་ཀྱང་། སྤྱི་ལོ་ ༡༩༥༩ ལོའི་དུས་འགྱུར་ཆེན་པོ་དེ་བྱུང་ཞིང་བོད་ས་ཡོངས་རྫོགས་ཤོར་བས་བོད་དུ་ཕྱིར་ཕེབས་མ་ཐུབ་པར་གྱུར་ནས། སྤྱི་ལོ་ ༡༩༦༠ ལོ་ནས་  ༡༩༦༢ ལོའི་བར་དུ་བལ་ཡུལ་དུ་བཞུགས། སྤྱི་ལོ་༡༩༦༣ གྱི་ལོ་མཇུག་དགུན་ཁ་ཙམ་ནས་རྒྱ་གར་ལྡི་ལི་རུ་ཕེབས་ནས་ཀརྨ་པ་བཅུ་དྲུག་པ་ཆེན་པོ་རིག་པའི་རྡོ་རྗེ་མཆོག་དང་། གུང་ཐང་ཚུལ་ཁྲིམས། འབྲོང་སར་དཔོན་ནམ་མཁའི་རྡོ་རྗེ་སོགས་ཐུག་འཕྲད་དང་ཕན་ཚུན་གྲོས་མོར་གང་མཚམས་བྱུང་ཞིང་། དེ་ནས་རིམ་བཞིན་༧གོང་ས་མཆོག་མ་ན་ལེའི་ལ་ཕར་རྒྱབ་ཏུ་ལས་བཟོ་བར་གཟིགས་སྐོར་དུ་ཕེབས་སྐབས་མཇལ་ཁ་ཞིག་ཏུ་ཐད་ཀར་མཆོག་གླིང་རིན་པོ་ཆེར་ཕྱག་མཛུབ་བཙུགས་ནས་བླ་མ་སྤྲུལ་སྐུ་ནུས་པ་དང་ཤེས་ཡོན་ཡོད་མཁན་བཙན་བྱོལ་ནང་ཕེབས་པ་ཚོས་མི་མང་གི་འགན་ཁུར་ནས་ལས་ཀ་བྱེད་དགོས་པ་དང་། མི་མང་གི་འགོ་ཁྲིད་དགོས་པ་རེད་ཅེས་བཀའ་ནན་པོ་གནང་བར་བརྟེན། སྤྱི་ལོ་ ༡༩༦༤ ལོའི་དགུན་ཁ་མ་ན་ལེའི་པ་ཏེ་ཀུལ་གྱི་རི་མགོ་ཞིག་ལ་ཚོགས་འདུ་ཆེན་པོ་ཞིག་འཚོགས་ནས་གནས་སྐབས་བོད་རང་བཙན་ཐོབ་ས་མ་རེད་ང་རང་ཚོས་ཀྱང་གཞིས་ཆགས་དགོས་འདུག་ཟེར་ནས་གྲོས་མཐུན་བྱུང་བ་རེད། དེ་སྐབས་གནས་སྐོར་ཁམས་པའམ་རང་དབང་(ཁོས་ཤིས་ཁམས་པ)ཁམས་པ་ཞེས་དབྱར་ཁ་བོད་ལ་ཕར་ལོག་འགྲོ་བ་དང་། གངས་རིན་པོ་ཆེ་དང་། སྤུ་ཧྲེང་། གཞིས་ཀ་རྩེ་སོགས་སུ་འགྲོ་བ་དང་། དགུན་ཁ་ཚུར་ལྡི་ལིར་སླེབས་ཡོང་མཁན་ཁག་ཅིག་ཡོད་པ་དེ་དག་མང་པོ་ཞིག་མཆོག་གླིང་བླ་བྲང་གི་འཁོར་བྱས་ནས་བསྡད་ཡོད་པ་དེ་དག་རུག་རུག་བྱས་ནས་ཚོགས་པ་ཞིག་བཙུགས་ན་འགྲིག་གི་ཡོད་མེད་རག་ཤུལ་ཀར་འགྲོ་ཆེད་དུ་རྡ་རམ་ས་ལར་ཡོད་པའི་ནང་སྲིད་ལྷན་ཁང་ལ་དགོངས་སྐོར་ཞུས་བར་བཏང་དུས། བཀའ་ལན་དུ་དེ་དག་སུས་ཀྱང་མགོ་རུག་མ་ཐུབ་པར་ལྷག་ཡོད་པ་དེ་དག་ཚུལ་བསྡུས་ནས་ཚོགས་པ་བཙུགས། བརྒྱ་ཤོག་བཟོ་ཐུབ་ན་ཧ་ཅང་ཡག་པོ་རེད། དེ་ལྟར་བྱེད་ཆོག་གི་རེད་ལ། དེ་ལྟར་གནང་རོགས་གནང་ཞེས་ཆོག་མཆན་གནང་བ་མ་ཟད། བོད་མི་སྤྱི་མཚུངས་ཀྱི་ཐོབ་ཐང་དང་སྐྱོབ་གསོ་རོགས་རམ་དེ་ཚོ་གནང་གི་ཡིན་ཞེས་བཀའ་ཤོག་དང་བཅས་གནང་ཡོད་པ་རེད། གཞན་ཡང་བྱ་རྒོད་རྣམ་རྒྱལ་རྡོ་རྗེ་སྤྱི་ལོ་ ༡༩༦༤ ལོ་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་ནས་མི་མང་བསྡུ་རུབ་བྱས་ནས་གཞིས་ཆགས་ཞིག་འཛུགས་རྒྱུའི་རེ་འདུན་ཡོད་ཚུལ་སྙན་སེང་ཞུས་སྐབས། ༧གོང་ས་མཆོག་གིས་དེ་ལྟར་གཞིས་ཆགས་ཤིག་འཛུགས་ཐུབ་པ་བྱུང་ན་བོད་བསྟན་པ་ཆབ་སྲིད་དང་བོད་མི་མང་ལ་ཧ་ཅང་གི་ཕན་ཐོགས་ཆེན་པོ་ཡོད་པའི་བཀའ་བཟང་ཕེབས་པ་ལྟར་། གུང་ཐང་ཚུལ་ཁྲིམས་ཁོང་གིས་ཨ་མདོ་ཟློས་གར་ཚོགས་པའི་མིང་ཐོག་ནས་ས་ཆ་ཉོས་ཚུལ་དང་གཞིས་ཆགས་ཚུལ་སོགས་ཉམས་མྱོང་གི་བསླབ་བྱ་དང་། སྐུ་ཞབས་བྷོབ་ཁོང་ཚོ་ཕྱི་རྒྱལ་དུ་རོགས་རམ་འཚོལ་བར་སོང་བ་དང་། གང་ལ་གང་འཚམས་ཀྱི་རོགས་རམ་ཡང་ཐོབ། ཚོགས་པ་ཞིག་འཛུགས་དགོས་པ་རེད། རོགས་རམ་གནང་ཡུལ་གྱི་འཆར་གཞི་དེ་ཡང་རྒྱ་ཆེ་ཙམ་བཟོས་ན་ཞེས་ལམ་སྟོན་དང་ཐག་གཅོད་བྱུང་བ་ལྟར། སྡེ་དགེ་དང་། ནང་ཆེན་གཉིས་དང་། ས་སྐྱའི་གཞིས་ཆགས།་བཀྲ་ཤིས་ལྗོངས་སོགས་གཞིས་ཆགས་ཁག་བདུན་མཉམ་དུ་འཛུགས་རྒྱུའི་དོན་དུ་ལྡི་ལི་རུ་བོད་ཁམས་བཟོ་གཞིས་ཚོགས་པ་དེ་བཙུགས་པ་རེེད། དེ་ནས་རྒྱུན་རིང་མ་འགོར་བར་ལམ་འགྲོ་བརྒྱུགས་ནས་ད་ལྟའི་སྦིར་གཞིས་ཆགས་ཀྱི་ས་ཆ་དེ་མཆོག་གླིང་རིན་པོ་ཆེ་མཆོག་དབུས་པའི་མི་འགའ་ཤས་ཀྱིས་ཕྱག་རྟགས་ཐོག་ཏུ་སྤྱི་ལོ་ ༡༩༦༦ ལོར་སྦིར་ཇ་ལས་བཟོ་གྲྭ་དང་། ཇ་ཞིང་བཅས་ཁྱོན་ས་ཆ་ཨེ་ཀར་ ༡༠༩ ཙམ་བོད་ཁམས་བཟོ་གཞིས་ཚོགས་པའི་ (Tibetan Khampa lndustrial so-city)མིང་ཐོག་ལ་ཏུ་ (Tibetan lndustrial Rehabilita-tion Soeiety) ཚོགས་པས་མཐུན་འགྱུར་འོག་ནས་ས་ཆ་སྤུས་གཟིགས་གཏན་ཁེལ་བ་རེད། སྤྱི་ལོ་ ༡༩༦༦ ལོར་གོང་ཞུས་བཞིན་ས་ཆ་ཉོས་ནས་གུར་སྒར་གྱི་ཐོག་ནས་ཐོགས་མར་གཞིས་ཆགས་ཡོད་པ་རེད་འདུག གཞིས་འགོའི་དབུ་འཛིན་བོད་གཞུང་གིས་ཁ་ཤས་བཏང་ཚུལ་བཤད་ཀྱང་བླ་དཔོན་<<བླ་མ་མཆོག་གླིང་རིན་པོ་ཆེ་དང་། དཔོན་བྱ་རྒོད་རྣམ་རྒྱལ་རྡོ་རྗེ།>> གཉིས་ལས་གཞན་གྱི་ཁ་ལ་མི་ཉན་པ་དང་། ཁས་ལེན་རོགས་མ་བྱས་ནས་ཐ་མ་བོད་གཞུང་གི་བཀའ་ཁྲོལ་བཞིན་སྐབས་དེ་དུས་མདོ་སྟོད་སྤྱི་འཐུས་དང་གཞིས་འགོ་གཅིག་ལྕོགས་བྱ་རྒོད་རྣམ་རྒྱལ་རྡོ་རྗེ་སྐུ་མ་གཤེགས་བར་དུ་སྦིར་གཞིས་ཁག་གསུམ་གྱི་དབུ་འཛིན་བྱས་ཡོད་པ་རེད་འདུག དེ་ནས་གཞིས་ཁང་གསར་རྒྱག་བྱས་ནས་སྤྱི་ལོ་ ༡༩༦༨ ལོར་༧གོང་ས་༧མཆོག་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཟླ་ ༨ པའི་ཚེས་ ༡༥ ཉིན་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ནས་གཞིས་ཆགས་འདི་ཉིད་དབུ་འབྱེད་མཛད་སྒོ་བྱས་ཡོད་པ་རེད་འདུག <<གོང་གི་གཞིས་ཆགས་གསར་འཛུགས་ཀྱི་ཆེད་དུ་བཙུགས་པའི་ཚོགས་པ་དེས་ནང་ཆེན་དང་། སྡེ་དགེ་གཉིས་དང་། རིམ་པས་བཀྲ་ཤིས་ལྗོངས། བོན་གཞིས། ཀཿཐོག་ཚོགས་པ། གྲྭའུ་གཞིས་ཆགས། ས་སྐྱའི་གཞིས་ཆགས་སྤུ་རུ་ཝ་ལ། སྦིར་བོད་ཚོགས་བཅས་ཀྱི་ས་ཆ་དེ་དག་ཉོས་ནས་གཞིས་ཆགས་གསར་རྒྱག་བྱས་ཡོད་འདུག>>སྤྱི་ལོ་ ༡༩༧༡ ལོར་བྱ་རྒོད་རྣམ་རྒྱལ་རྡོ་རྗེ་སྐུ་འདས་པའི་རྐྱེན་གྱིས། སྡེ་དགེ་ནང་ཆེན་གཉིས་ས་བགོས་བྱས་ཡོད་འདུག དེའི་སྐབས་ཚོགས་པའི་དབུ་འཛིན་ཁག་དང་། བོད་བདེ་དོན་ཚོགས་པའི་དྲུང་ཆེ་གུང་ཐང་ཚུལ་ཁྲིམས་བཅས་ནས་ཕྱོགས་སོ་སོའི་འདོད་མོས་གཙོར་བཟུང་གིས། སྤྱི་ལོ་ ༡༩༧༡ ཟླ་ ༥ ཚེས་ ༨ འཁོད་པའི་གྲོས་ཆོད་བསྣོལ་འཇོག་གིས་སྡེ་དགེ་གཞིས་ཆགས་ལ། སྦིར་གྱི་ཇ་ལས་བཟོ་གྲྭ་དང་། སོ་ནམ་ཞིང་སའི་ཆེད་ས་རྒྱུ་ཞན་ལ་ས་ཁྱོན་ཆེ་བ་དང་། ནང་ཆེན་གཞིས་ཆགས་ལ་ཅོན་ཏ་ར་ཇ་ལས་བཟོ་གྲྭ། སྦིར་དང་ཅོན་ཏ་ར་ཁུལ་གཉིས་ཁོངས་ཇ་ཞིང་ས་རྒྱུ་བཟང་ལ་ས་ཁྱོན་ཆུང་བ་བཅས་ཁག་བགོས་ཀྱི་བཅད་མཚམས་བྱས་པ་དང་། ནང་ཆེན་གཞིས་ལས་ཁང་ཅོན་ཏ་ར་ལ་འཛུགས་རྒྱུ་དང་། སྡེ་དགེ་གཞིས་ལས་ཁང་སྦིར་ལ་འཛུགས་རྒྱུ་བྱས་ཡོད་འདུག ས་ཁུལ་གཉིས་སུ་གཞིས་ལས་ཁང་ཇི་ཡོད་ཐོག་མ་ནས་ཕྱེད་བགོས་ཐོག་ཁུངས་སོ་སོའི་མིར་བགོ་སྤྲོད་ཟིན་ཡོད་པར་རང་འཇགས་བཞག་རྒྱུ་བཅས་ཀྱི་ཆོད་མཚམས་གཏན་འབེབས་བྱས་ཡོད་པར་ད་བར་རྩ་འཛིན་རྒྱུན་འཆང་བྱ་མུས་སུ་གྱུར་ཡོད་འདུག། སྤྱིར་སྟང་ནང་ཆེན་གཞིས་ཆགས་ཀྱི་དབུ་འཛིན་ཐོག་མ་མཆོག་གླིང་རིན་པོ་ཆེས་གནང་ཞིང་། སྤྱི་ལོ་ ༡༩༧༣ ལོར་མཆོག་གླིང་རིན་པོ་ཆེ་སྐུ་གཤེགས་ནས་སྤྱི་ལོ་ ༡༩༧༦ བར་མཆོག་གླིང་རིན་པོ་ཆེས་གདུང་སྲས་འཇམ་དབྱངས་རྒྱལ་མཚན་གྱིས་ཅོན་ཏ་ར་ནང་ཆེན་གཞིས་ཆགས་ཀྱི་དབུ་འཛིན་གནང་ཡོད་པ་དང་། <<མཆན་ཞིབ་ཕྲའི་གནས་ཚུལ་ལོ་ལྔ་བཅུ་འཁོར་བའི་དྲན་དེབ་ནང་ལ་གཟིགས་ན་ཤེས།>>དེའི་རྗེས་སུ་ཅོན་ཏ་ར་ནང་ཆེན་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་བོད་གཞུང་གིས་བཏང་བ་ནས་བཟུང་ད་ལྟའི་བར་བོད་གཞུང་གིས་ས་གནས་འགོ་འཛིན་གྲངས་ ༡༥ བཏང་ནས་འཛིན་སྐྱོང་བྱས་དང་བྱེད་མུས་སུ་གནས། ནང་ཆེན་གཞིས་ཁོངས་སུ་ཐོག་མའི་ཆར་མི་འབོར་དྲུག་བརྒྱ་ལྔ་བཅུ་ཙམ་ཞིག་ཡོད་པར་བཤད་པ་དང་། ད་ལྟའི་ཆར་ལྡབ་མང་པོ་འཕར་ཡོད་ཚུལ་བཤད་འདུག
ལོ་རྒྱུས་འདི་བོད་ཁམས་བཟོ་གཞིས་ཚོགས་པ་ལོ་ལྔ་བཅུ་འཁོར་བའི་དྲན་དེབ་ལས་སྤྱི་ལོ་ 2017 ལོའི་ཟླ་ 3 ཚེས་ 13 ཉིན་དབུས་ནང་ཆེན་ཉེར་ལྔའི་ཚོགས་གཙོ་མིང་པ་བུ་མང་ཚངས་སྲས་ནས་ཕྱོགས་བསྡུས་བྱས། ནོར་འཁྲུལ་ཡོད་སྲིད་པས་དགོངས་འགལ་མེད་པར་ཞུ།

Leave a Reply

Your email address will not be published. Required fields are marked *