Central Welfare of Nangchen Nyernga – ནང་ཆེན་ཉེར་ལྔའི་དྲ་བ།

ནང་ཆེན་རྒྱལ་རབས།

༢༩༽ ནང་ཆེན་གདུང་རབས་རེ་བརྒྱད་པ་དང་རྒྱལ་རབས་ཉེར་དགུ་པ་མི་དབང་བཀྲ་ཤིས་ཚེ་དབང་རྡོ་རྗེའི་སྐབས།

  ནང་ཆེན་རྒྱལ་པོ་དབང་དྲག་ཚེ་རིང་ལྷ་རྒྱལ་གྱིས་ར་ཟླ་བཟའ་ཁབ་ཏུ་བཞེས་པ་ལ་སྲས་ནང་བཀྲ་ཤིས་ཚེ་དབང་རྡོ་རྗེ་ནི་རབ་ཚེས་ལྕགས་ཕག་སྤྱི་ལོ་ ༡༩༡༠ ལོར་སྐུ་འཁྲུངས། མཆེད་ཚངས་དབྱངས་མཆོག་སྤྲུལ། ལྷོ་ཆགས་མེད། ལྕམ་སྲིང་རྣམ་སྲས་དབང་མོ་རྣམས་བྱུང་བ་ལས། མཆོག་སྤྲུལ་རྣམ་གཉིས་སོ་སོོའི་གདན་སར་མངའ་གསོལ་ཞིང་འཁོད། ལྕམ་སྲིང་རྣམ་སྲས་དབང་མོ་སྡེ་དགེ་རྒྱལ་པོའི་བཙུན་མོར་ཕེབས། རྒྱལ་སྲས་བཀྲ་ཤིས་ཚེ་དབང་རྡོ་རྗེ་ཉིད་སྐུ་ཆུང་ངུའི་དུས་ནས་དམ་པའི་རིགས་སད་ཅིང་ཡོངས་འཛིན་དགེ་བའི་བཤེས་གཉེན་དུ་མར་བསྟེན་པས་རིག་གནས་ཀུན་ལ་མཁྱེན་པ་རྒྱས། མ་ཎི་དང་བཛྲ་པ་ཎི་དུང་རེ་དང་། འཇམ་དབྱངས་བསྙེན་པ་ཨ་ར་པ་ཙ་དུང་ཕྱུར་གསུམ་གྲུབ། ཉིན་རེར་མཚན་བརྗོད་ཚར་བཅུ་གསུམ་རེ་ཐུགས་བྲེལ་ཇི་ལྟར་ཆེ་ཡང་མ་ཆག་པ་སོགས་ཐུགས་དམ་དགེ་སྦྱོར་མང་པོ་གཞིས་བྱེས་གང་དུའང་ཆགས་མེད་དུ་གནང་། རྒྱལ་པོ་ཡབ་ཡུམ་དེ་དག་གི་སྐུ་ཚེའི་སྟོད་དུ་ཆོས་སྲིད་སྔར་ལྟར་སྐྱོང་མུས་ལ། རབ་རྒྱལ་ལྕགས་སྟག་སྤྱི་ལོ་ ༡༩༥༠ ལོར་སྐྱེ་རྒུ་མདོར་ཀྲུང་གུང་རྒྱ་བོད་མཐུན་ཆིངས་ཐུན་མོང་མཉམ་འབྲེལ་ཞེས་པའི་གྲོས་གཞིའི་ཐོག་ནང་ཆེན་རྒྱལ་པོ་ཕེབས། ད་ལྟའི་ཡུལ་ཤུལ་རང་སྐྱོང་ཁུལ་འདི་གསར་དུ་བཙུགས་ཤིང་རང་སྐྱོང་ཁུལ་གྱི་རྒྱལ་པོའི་ཆེ་རྟགས་གསལ་བསྒྲགས་དང་འབྲེལ་མི་དམངས་ཚོགས་ཆེན་གྱི་ཚོགས་གཙོར་བསྐོས་བཞག་བྱས། དེ་ནས་རིང་མིན་རབ་རྒྱལ་ས་ཁྱི་སྤྱི་ལོ་ ༡༩༥༨ ལོའི་དུས་ཟིང་གི་མགོ་ཟིན་ཏེ། ལྡོག་མེད་དུས་ཀྱི་རྦ་རླབས་དྲག་པོའི་ཁྲོད་དུ་མ་ཉེས་ཁག་གཡོག་གིས་སྐུ་ངལ་འོ་བརྒྱལ་མང་པོ་མྱོང་བཞིན་རྒྱལ་པོ་ཉིད་དགུང་གྲངས་རེ་དགུ་བཞེས་པ་རབ་རྒྱལ་ས་ལུག་སྤྱི་ལོ་ ༡༩༦༩ <<གསེར་ཕྲེང་དུ་ཡབ་རྒྱལ་རྒན་རབ་རྒྱལ་ས་བྱ་ལ་གཤེགས།>> ལོའི་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་ཞི་བར་གཤེགས། རྒྱལ་མོ་ཡང་གྲལ་རིམ་བཅོས་བསྒྱུར་གྱི་འོག་ཏུ་དཀའ་སྡུག་མང་པོ་བརྒྱུད་དེ་རྒྱལ་པོ་གཤེགས་པའི་རྗེས་སུ་འདས། ཆོས་སྲིད་ཀྱི་རྟེན་བརྟེན་པ་རེ་ཞིག་མིང་གི་ལྷག་མ་ཙམ་དུ་གྱུར་ཏོ།།

༣༠༽ ནང་ཆེན་གདུང་རབས་རེ་དགུ་པ་རྒྱལ་སྲས་ཨ་ཆེན་རིན་པོ་ཆེའི་སྐབས།

༣༠༽ ནང་ཆེན་གདུང་རབས་རེ་དགུ་པ་རྒྱལ་སྲས་ཨ་ཆེན་རིན་པོ་ཆེའི་སྐབས། ནང་ཆེན་རྒྱལ་པོ་བཀྲ་ཤིས་ཚེ་དབང་རྡོ་རྗེ་ནས། ཤར་ཕྱོགས་སྡེ་དགེ་རྒྱལ་པོའི་<<སྡེ་དགེ་རྒྱལ་པོའི་སྲིད་དོན་ལོས་རྒྱུས་ལས།>>རྒྱལ་རབས་ཉེར་གཅིག་པ་ཨ་ཇའམ་རྡོ་རྗེ་སེང་གེའི་སྲས་མོ་གཡུ་སྒྲོན་བཙུན་མོར་བཞེས་ལ། སྲས་ཨ་ཆེན་ནམ་རྒྱལ་སྲས་ཕྲིན་ལས་ཀུན་ཁྱབ། ཀུན་དགའ། ཨ་ཆུང། སྲས་མོ་མོ་དགའ། གཡུ་རྡིལ། གཡུ་ཆུང་། ཟུར་སྲས་ཕུན་ཚོགས་དགྲ་འདུལ་བཅས་ལྕམ་སྲིང་བདུན་བྱུང་བ་ལས། ༧ སྐྱབས་རྗེ་རྒྱལ་སྲས་ཕྲིན་ལས་ཀུན་ཁྱབ་བམ་ཨ་ཆེན་རིན་པོ་ཆེ་ནི། རབ་རྒྱལ་ས་སྟག་སྤྱི་ལོ་ ༡༩༣༨ ལོར་སྐུ་འཁྲུངས། ཡབ་རྒྱལ་པོ་དམ་པ་མཆོག་དང་། གནས་ལྔ་རིག་པའི་པཎྜི་ཏ་ནང་ཆེན་པོ་ནང་ཆེན་མཁན་པོ་རྣམ་རྒྱལ་བཟང་པོ་སོགས་ལས་མདོ་རྒྱུད་རིག་གནས་དང་བཅས་པ་སྦྱངས་པས་མཁྱེན་རྒྱ་ཡངས་ཤིང་། དགུང་གྲངས་བཅོ་བརྒྱད་སྤྱི་ལོ་ ༡༩༥༥ ལོར་ཡུམ་སྲས་ལྷན་རྒྱས་དབུས་ཕྱོགས་སུ་གནས་མཇལ་དང་ཞབས་སྐོར་ལ་ཕེབས། གོང་ས་ལྷ་མའི་རྣམ་འདྲེན་མཇལ་བཅར་ཞུས། ལྷ་སའི་སྨོན་ཆེན་མོར་འགྱེད་ཆེན་ཐེངས་གསུམ་ཕུལ་ཏེ་བསྟན་འགྲོར་སྨན་པའི་ཐུགས་སྨོན་གང་ཟབ་གནང་། སྤྱི་ལོ་ ༡༩༥༨ ལོ་དུས་ཟིང་སྐབས་བྲོས་བྱོལ་དུ་ཕེབས་པ་ལས་ལྷ་ས་ནས་བཟུང་ཏེ་ཟི་ལིང་དུ་དེད། དེ་ནས་རིམ་བཞིན་རིག་གསར་སྐབས་བསམ་ཡུལ་ལས་འདས་པའི་འོ་བརྒྱལ་མྱང་ཆེ་བས་སྐུ་ལུས་ཞ་གྲུམ་སྐྱོན་ཅན་དུ་གྱུར། རྗེ་ཁོང་ནི་བོད་ཀྱི་རིག་གཞུང་ལ་མཁས་པ་ཙམ་དུ་མ་ཟད་རྒྱ་ནག་གི་སྐད་ཡིག་ཀྱང་ཧ་ཅང་མཁྱེན་རྒྱ་ཆེ། སྤྱི་ལོ་ ༡༩༨༦ ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གདན་ཞུས་བཀའ་ཕེབས་ལྟར། པེ་ཅིན་དུ་ཕེབས་ནས་ལོ་ངོ་གསུམ་གྱི་རིང་ལ་བོད་རིག་པའི་ཞིབ་འཇུག་ཁང་དང་། པེ་ཅིང་ནང་བསྟན་མཐུན་ཚོགས་ལ་སློབ་ཁྲིད་གནང་ནས། པཎ་ཆེན་རིན་པོ་ཆེའི་དགོངས་བཞེས་རྫོགས་པར་མཛད་ཅིང་བོད་རིག་པའི་ཞིབ་འཇུག་ཁང་གི་བློ་འདྲི་མི་སྣར་བཀོད། ལྷ་ལྡན་གཙུག་ལག་ཁང་དུ་གུ་རུ་མཚན་བརྒྱད་ཀྱི་ལྷ་ཁང་རྟེན་དང་བརྟེན་པ་བཅས་བཞེངས་བསྐྲུན་མཛད། སྤྱི་ལོ་ ༡༩༨༧ ལོར་ཞང་ལྕགས་བཟའ་བསོད་ནམས་སྒྲོལ་མ་ཆུ་ཡུས་ལོ་པ་བགྲང་བྱ་ཉེར་ལྔར་སོན་པ་ཞིག་བཙུན་མོར་བཞེས། རིགས་ཀྱི་སྲས་མོ་བདེ་སྐྱིད་ཆོས་མཚོ་དང་། ཚེ་དབང་ལྷ་མོ་གཉིས་འཁྲུངས།…

༣༡༽ ནང་ཆེན་གདུང་རབས་རེ་དགུ་པ་རྒྱལ་སྲས་ཨ་ཆུང་རིན་པོ་ཆེའི་སྐབས།

༣༡༽ ནང་ཆེན་གདུང་རབས་རེ་དགུ་པ་རྒྱལ་སྲས་ཨ་ཆུང་རིན་པོ་ཆེའི་སྐབས། ཡབ་རྒྱལ་པོ་བཀྲ་ཤིས་ཚེ་དབང་རྡོ་རྗེ་དང་མ་ཡུམ་སྡེ་དགེ་བཟའ་ཚེ་རིང་གཡུ་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་མེ་ཕག་སྤྱི་ལོ་ ༡༩༤༧ ལོར་སྐུ་འཁྲུངས། ཆུ་འབྲུག་སྤྱི་ལོ་ ༡༩༥༢ ལོར་ས་སྐྱ་བདག་ཆེན་ཕུན་ཚོགས་ཕོ་བྲང་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་རྒྱལ་རིགས་གདུང་འཛིན་གྱི་བཀའ་ལུང་གསེར་གྱི་ཅོད་པན་སྤྱི་བོར་བཅིངས་ཏེ་མི་འཇིགས་གདོང་ལྔས་བཏེགས་པའི་སྲིད་ཁྲིར་མངའ་གསོལ། འོན་ཀྱང་དུས་དབང་གིས་རྒྱལ་པོའི་སྲིད་སྐྱོང་བའི་གོ་སྐབས་མ་བྱུང་ངོ་། སྤྱི་ལོ་ ༡༩༥༥ ལོར་ཡུམ་སྲས་ལྷན་རྒྱས་དབུས་ཕྱོགས་གནས་མཇལ་ལ་ཕེབས་ཤིང་རྒྱལ་དབང་མཆོག་དང་ས་སྐྱའི་བདག་ཆེན་རྣམས་གཉིས་སོགས་མཇལ་བཅར་ཞུས། སྤྱི་ལོ་ ༡༩༥༨ ལོར་བྲོས་བྱོལ་ལ་བྱོན་ལྷ་ས་ནས་བཟུང་སྟེ་ཟི་ལིང་དུ་དེད། རིག་གནས་གསར་བརྗེ་སྐབས་རྒྱལ་པོ་མཆོག་དང་ཁ་བྲལ་ཏེ་ཡུམ་སྲས་མཉམ་དུ་མ་ཉེས་ཁ་ཡོག་འོག་ནས་རྡུང་རྡེག་དང་འོ་རྒྱལ་བསམ་ཡུལ་ལས་འདས་པ་མྱངས། དེ་སྐབས་སྐུ་ཟླ་ཞིག་ལ་གསང་ཐབས་ཀྱིས་སྲས་ལྕམ་དྲལ་གཉིས་ཡང་ཡོད་པར་བཤད། ཕྱིས་སུ་སྡེ་དགེ་ལུག་ར་ཚང་གི་ཚ་མོ་འདན་ཆུ་རྡོ་བཟའ་བཀྲ་ཤིས་སྒྲོལ་མ་བཙུན་མོར་བཞེས། དེ་ལ་སྲས་མོ་ལྔ་ལས་རིགས་སྲས་མེད། སྤྱི་ལོ་ ༡༩༩༠ ལོར་ཡུལ་ཤུལ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་ཐུགས་འགན་བཞེས་ཤིང་། ཞོར་ལ་ནང་ཆེན་སྒར་ཉམས་གསོའི་མཛད་པ་གང་ལྕོགས་མཛད། སྤྱི་ལོ་ ༢༠༠༣ ལོར་ནང་ཆེན་ཚོགས་གཉིས་སྐུ་ཕྲེང་གསུམ་པ་ཚོགས་གཉིས་སྙིང་པོས་ཁྱད་གདན་ཞུས་པ་བཞིན་རྒྱལ་བལ་ཕྱོགས་སུ་ཆིབས་བསྐྱོད་གནང་། ནང་ཆེན་ཉེར་ལྔ་ཚོགས་པས་ཕེབས་བསུ་གྲ་སྒྲིགས་ཀྱིས་སྣེ་ལེན་གྱ་ནོམ་པ་བྱས། གཏེར་ཆེན་མཆོག་གྱུར་གླིང་པ། སྤྲུལ་ཆོས་ཀྱི་ཉི་མ། བན་ཆེན་བསྟན་དགའ་སྤྲུལ་སྐུ། སྐྱོ་བྲག་བསྟན་སྙིང་། འབྲོང་པ་སྨད་མའི་དཔོན་གཡུ་རྒོད། སྡོམ་བཟའ་སྒྲོས་དགའ། དགེ་རྒྱལ་བར་མའི་དཔོན་འོད་གསལ། འབྲོང་སར་སྲས་མོ་མཚོ་སྡིས་སོགས་དེར་ཡོད་ཀྱི་ཉེར་ལྔའི་ལྷ་སྡེ་མི་སྡེ་ཡོངས་ནས་མཇལ་དར་དང་བཅས་སྔར་སྲོལ་ལྟར་ཉེར་ལྔའི་སྤྱི་རྗེ་རུ་མངའ་གསོལ་མཛད་དོ། །གོང་ས་མཆོག་གཙོས་པའི་རིས་མེད་ཀྱི་བླ་ཆེན་ཁག་མཇལ་བཅར་ཞུས་ཤིང་སྤྱི་ལོ་ ༢༠༠༤ ལོར་རང་ཡུལ་དུ་ཕྱག་ཕེབས། དགུང་གྲང་རེ་གསུམ་ས་གླང་ལོར་བོད་ཟླ་ ༥…

རྒྱལ་སྲས་ཆུང་བ་ཀུན་དགའ་ཉི་མ།

རྒྱལ་སྲས་ཆུང་བ་ཀུན་དགའ་ཉི་མ་ནི། གོང་གི་རྒྱལ་སྲས་ཨ་ཆེན་དང་ཨ་ཆུང་རྣམ་གཉིས་ཀྱི་སྐུ་མཆེ་ཆུང་བ་ཡིན་ལ། འཁྲུལ་ཞིག་སྐྱབས་གནས་སྐུ་ཕྲེང་བདུན་པའི་ཡང་སྲིད་དུ་ཁམས་སྤྲུལ་རིན་པོ་ཆེན་སྐལ་བཟང་དོན་བརྒྱུད་ཉི་མས་ངོས་འཛིན་གནང་། སྤྱི་ལོ་ ༡༩༥༥ ལོར་འཁྲུལ་ཞིག་དགོན་དུ་གསེར་ཁྲིར་མངའ་གསོལ་མཛད། ཁམས་སྤྲུལ་དོན་བརྒྱུད་ཉི་མ་དང་། ཨ་ལྡེའུ་གྲུབ་རིགས་ཁྱུ་མཆོག ཚོགས་གཉིས་པདྨ་དྲི་མེད་སོགས་ལས་དབང་ལུང་སོགས་གསན། སྤྱི་ལོ་ ༡༩༥༨ དམངས་གཙོ་བཅོས་བསྒྱུར་འོག་འོ་བརྒྱལ་ཆེན་པོ་མྱངས། ཁོངས་ལ་ཡང་བཀྲ་ཤིས་སྒྲོལ་མ་ཞེས་པའི་རིགས་བཟང་མ་ཞིག་ལ་སྲས་པོ་གཉིས་ཡོད་པར་འདུག དེ་བཞིན་དུ་གོང་ཞུས་བཞིན་རྒྱལ་སྲས་ཨ་ཆུང་ལ་ཡང་ཟུར་སྲས་ཡོད་པར་བཤད་པ་དང་། གཞན་ཡང་རྒྱལ་རྒན་བཀྲ་ཤིས་ཚེ་དབང་རྡོ་རྗེ་མཆོག་ལ་སྐྱེ་རྒུ་མདོར་བྱ་རྒོད་ཚང་གི་བུ་མོར་ཟུར་སྲས་ཕུན་ཚོགས་དགྲ་འདུལ་ཟེར་བ་ཞིག་ཡོད་ཅིང་དེ་ཡི་མི་རྒྱུད་ཀྱང་མ་ཆད་པར་ཡོད་པར་བཤད་པས་འབྲུ་རྗེ་ལྷ་ཡི་རྒྱུད་པ་ད་ལྟའི་བར་དུ་མ་ཆད་པར་བཞུགས་ཡོད་པར་མངོན་ནོ། །དེ་ལྟར་མི་དབང་རིན་ཆེན་རྣམ་རྒྱལ་གྱི་སྐུ་དུས་ནས་བརྩམས་གཞུང་ས་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་འོག་ནས་ཆོས་སྲིད་བསྐྱངས་པ་དང་། དེ་རྗེས་ཆིང་ཧུ་རྡོ་རྗེ་ཚེ་དབང་གི་སྐུ་དུས་ནས་བཟུང་མན་ཆིང་དང་མི་ཐོག་གསུམ་བཞིའི་གོང་རོལ་ཟི་རྒྱ་མཱ་ཆི་ཚང་གི་ཁྲལ་སྡེའི་ཁོངས་སུ་སོང་ཞིང་རྒྱལ་པོ་བཀྲ་ཤིས་ཚེ་དབང་རྡོ་རྗེའི་ཡན་ཆད་ལ་ཕྱི་དར་གྱི་ཐ་སྙད་སྦྱར་བར་སྣང་ངོ་།། །།

ནང་ཆེན་ཞེས་པའི་མཚན་གྱི་ཅོད་པན་ དབུ་བརྙེས་ཚུལ་དང་།

  ༢༽ གཉིས་པ་ལ་མི་དབང་ནང་ཆེན་རྒྱལ་ རབས་ཀྱིས་གཞུང་བསྲངས་པ་ལ། ནང་ཆེན་ཞེས་པའི་མཚན་གྱི་ཅོད་པན་ དབུ་བརྙེས་ཚུལ་དང་། གདུང་རབས་ནོར་བུའི་བང་མཛོད་དངོ ས་བཤད་པ། ༡༽དང་པོ་ནི། འོག་ནས་གསལ་བ་བཞིན་དུ་འབྲུ་སྤྱི ་ཕུད་འཁོར་ལོ་བཟང་པོའི་དུས་ནས་ ནང་ཆེན་ཞེས་ཐོག་ཚུལ་དང་། གདན་ས་སྐུ་འབུམ་དགོན་དུ་ཕོ་བྲང་ ནང་སོ་ཆེན་པོ་བཞེངས་པ་ལ་བརྟེན་ ནས་ནང་ཆེན་ཞེས་ཐོག་ཚུལ་དང་། འགྲོ་མགོན་ཆོས་རྒྱལ་འཕགས་པས་ཏྲེ ་བོ་ཆོས་ཀྱི་རྒྱ་མཚན་ལ་ཆེན་པོའི ་གོ་འཐོབ་སྤྲད་པ་ལ་བརྟེན་ནས་ནང་ ཆེན་ཞེས་ཐོག་ཚུལ་གསུམ་ལས། འདིར་ནི་ནང་ཆེན་གསེར་ཕྲེང་ལས། <<ཨ་སྟག སེང་འཕེན། འབྲུག་སྲས། རྒོད་པོ་འབར་བཅས་ཡིན།>>ཞེས་གསུ ང་པའི་བུ་བཞི་ལ་ནང་ཆེན་གཉའ་བོ་ ཁག་བཞི་ཟེར་སྲོལ་ཡོད་པ་ལ་དཔག་ན་ བྱུང་ཚུལ་ཕྱི་མ་གཉིས་ཀྱི་སྔོན་ ནས་ནང་ཆེན་ཞེས་ཐོག་ཡོད་པར་མངོན་ འདུག རྒྱུ་མཚན་དེས་ན་འདིར་དང་པོའི་ དབང་དུ་བྱས་ན། ཏྲེ་རབས་ལས། སྤྱི་ཕུད་འཁོར་ལོ་བཟང་པོ་དེ། །གནམ་བསྐོས་ཆེན་པོའི་ནང་བློན་ མཛད། །ཅེས་སོགས་གསུངས་པ་བཞིན། གོང་དུ་གསལ་བའི་འབྲུ་སྤྱི་ཕུད་ འཁོར་ལོ་བཟང་པོ་དེ་ཉིད་གནམ་ལྷ་ བབ་ཀྱི་རྒྱལ་པོ། ས་ལྷུན་འགྲུབ་ཀྱི་མངའ་བདག…