Central Welfare of Nangchen Nyernga – ནང་ཆེན་ཉེར་ལྔའི་དྲ་བ།

ཁེ་ན་ཌའི་ནང་ཆེན་ཉེར་ལྔའི་སྐྱིད་སྡུག་ཚོགས་པ།

ནུབ་ཕྱོགས་ཁེ་ན་ཌའི་རྒྱལ་ཁབ་ནང་དུ་ནང་ཆེན་ཉེར་ལྔའི་མི་མང་གང་མཚམས་ཤིག་ས་གནས་དེར་སླེབ་ཡོད་པར་བརྟེན་སྤྱི་ལོ་ ༢༠༡༠ ལོའི་ཟླ་ ༤ ཚེས་ ༡༤ ཉིན་མདོ་ཁམས་ནང་ཆེན་ཉེར་ལྔའི་ཁྱབ་ཁོངས་སྒ་སྐྱེ་དགུ་མདོ་ལ་བཞི་གཅིག་བཞི་ཡི་ཡུལ་ཤུལ་ས་ཡོམ་གྱི་གོད་ཆགས་སྐབས་སུ་སྒ་ཁྲི་འདུ་དཔོན་འཆི་མེད་རྣམ་རྒྱལ་མཆོག་གིས་བཀའ་དགོངས་བཞིན་ཁྲི་འདུ་དཔོན་ཚང་གི་ཚ་བོ་བཀྲ་ཤིས་སྟོབས་རྒྱལ་མཆོག་དང་། ཁོང་གི་སྐུ་ཟླ་གཉིས་ཀྱིས་གཙོ་བོར་དབུ་ཁྲིད་པའི་ཐོག་ནས་ཁེ་ན་ཌའི་ནང་ཆེན་ཉེར་ལྔའི་ཚབ་བྱས་ཤིང་ས་གནས་དེ་ནས་ས་ཡོམ་གོད་ཆག་ཁྲོད་ཀྱི་འདས་གསོན་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་དུ་ཞལ་འདེབས་བསྡུ་སློང་བྱས་པའི་རོགས་དངུལ་རྣམས་ཆད་ལུས་མེད་པར་ཁྲི་འདུ་བཀྲ་ཤིས་སྟོབས་རྒྱལ་རང་ཉིད་ཀྱི་འགྲོ་མགྲོན་རང་ཉིད་ཀྱིས་བཏང་ཞིང་ཆེད་སྐྱོད་ཀྱིས་སྒ་སྐྱེ་དགུ་མདོ་རུ་སོང་ནས། སྔ་རབས་ཀྱི་ལོ་རྒྱུས་བཤད་ན་ནང་ཆེན་རྒྱལ་པོ་གྱད་བློན་སྡོམ་བེ་ཧུའི་གདུང་སྲས་ཨ་བྷོ་མཆོག་གི་ལམ་སྟོན་བཞིན་ཕ་མ་མེད་པའི་དྭ་ཕྲུག་བརྒྱ་དང་ཉི་ཤུ་ཙམ་ཞིག་ཟུར་དུ་སློབ་གྲྭ་བྱས་ནས་བཙུགས་ཡོད་པ་རྣམས་ལ་སྤྲད་ན་ཡག་པོ་འདུག་གསུངས་པ་བཞིན་སློབ་གྲྭའི་སློབ་གཙོ་ཉི་མ་རིག་འཛིན་མཆོག་གིས་ཡང་དྭ་ཕྲུག་རྣམས་ཧ་ཅང་སྐྱོ་བོ་ཡིན་པས་དེར་སྤྲད་རོགས་གནང་གསུངས་པ་བཞིན་རྒྱ་ནག་སྒོར་མོ་ ༢༥༠༠༠ ཡོད་པ་རྣམས་ཆད་ལུས་མེད་པར་ཁེ་ན་ཌའི་ནང་ཆེན་ཉེར་ལྔའི་ཚབ་བྱས་ནས་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ཞབས་ཞུས་བྱས་ནས་ཕུལ་བ་ཡིན། དེ་ནས་སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༥ པའི་ཚེས་ ༡༩ རིས་གཟའ་སྤེན་པ་སྣར་མའི་འགྲུབ་སྦྱོར་ཉིན་ཁེ་ན་ཌའི་ནང་དུ་ཡོད་པའི་ནང་ཆེན་སྡོམ་པ་ཨ་འབུམ་རྒྱུད་ནས་ཡིན་པའི་བླ་མ་ག་ལ་རྣམ་སྲས་རིན་པོ་ཆེ་མཆོག་ནས་ཕྱག་བཏབ་གནང་བའི་ཆོས་ཚོགས་ཀརྨ་མ་བསོད་ནམས་དར་རྒྱས་གླིང་གི་མཛད་སྒོའི་དུས་སྟོན་ཞིག་དང་སྟབས་སྟུན་ནས་དེར་ཡོད་མི་མང་རྣམས་ཀྱིས་ནང་ཆེན་ཉེར་ལྔའི་ཚོགས་པ་བཙུགས་དགོས་པའི་གྲོས་མོར་འཚོགས་འདུ་འཚོགས་ཤིང་ཚོགས་ཐོག་ནས་རྒྱུན་ལས་སྐབས་དང་པོ་ལ། ཚོགས་གཙོ་སྒ་ཁྲི་འདུ་དཔོན་ཚང་གི་ཚ་བོ་བཀྲ་ཤིས་སྟོབས་རྒྱལ་མཆོག་དང་། ཚོགས་གཞོན་འབྲོང་པ་སྟོད་མ་ནས་ཡིན་པའི་དགའ་དགེ། དྲུང་ཡིག་ཟླ་བ་མཚོ་མོ། དངུལ་གཉེར་ཀརྨ་རྡོ་རྗེ་དང་། དགའ་སྤུག་སྒྲོལ་མ། ཚེ་རྟེན་དངོས་གྲུབ་བཅས་གསུམ་ཡིན། གཞན་ཡང་ཚོགས་མི་བླ་མ་བསྟན་འཛིན། སྤུ་ར། ཀརྨ། ཡེ་ཤེས་ཆོས་སྒྲོན། སྐལ་བཟང་དོན་གྲུབ། ལྷུན་གྲུབ་ཚེ་རིང་། ཉི་མ་ཚེ་རིང་བཅས་བདུན་ཡིན། སྡོམ་ཚོགས་གཙོ་ཚོགས་གཞོན་དབུས་པའི་རྒྱུན་ལས་མི་གྲངས་བཅུ་གསུམ་བསྐོས་བཞག་བྱས་ནས་དབུ་བརྙེས་པའི་ཚོགས་པ་ཞིག་ཡིན།

སྤྱི་ལོ་ ༢༠༡༦ ལོའི་ཟླ་བ་ ༧ པའི་ཚེས་ ༢༣ ཉིན་རྒྱུན་ལས་སྐབས་གཉིས་པའི་ཚོགས་གཙོ་འབྲོང་པ་ཨོ་རྒྱན་དབང་རྒྱལ་དང་། ཚོགས་གཞོན་རིན་ཆེན་ལྷ་མོ་གཉིས་གཞན་ཡང་རྒྱུན་ལས།

ཚོགས་མི་ཚེ་རྟེན་དངོས་གྲུབ། རིན་ཆེན་མཚོ་མོ། འཆི་མེད་སྒྲོལ་དཀར། ཀརྨ་ག་ལ། ཀརྨ་རྡོ་རྗེ། བཀྲ་ཤིས་གཡུ་མཚོ་ཨོ་རྒྱན་ཚེ་རིང་བཅས་འོས་འདེམས་བྱས་ཤིང་རྒྱུན་ལས་རྣམས་ཀྱིས་ནང་ཆེན་ཉེར་ལྔའི་མི་མང་ཡོངས་དབྱར་ལ་དབྱར་སྐྱིད་ཀྱི་ཐུགས་སྤྲོ་དང་། དགུན་ལ་གནམ་ལོ་གསར་པའི་ལོ་གསར་ཀྱི་ཐུགས་སྤྲོ་སོགས་ལ་རོལ་ཞིང་སྐྱིད་སྡུག་མཉམ་མྱོང་གི་ཐོག་ནས་ཚོགས་པ་རྒྱུན་སྐྱོང་བྱས་དང་བྱེད་མུས་སུ་གནས་ཡོད།

ཁེ་ཎ་ཌའི་ནང་ཆེན་ཉེར་ལྔ་རྒྱུན་ལས་སྐབས་དང་པོའི་ཚོགས་གཙོ་ཁྲི་འདུ་བཀྲ་ཤིས་སྟོབས་རྒྱལ་མཆོག་ལ་སྐད་ཕྲིན་དྲྭ་རྒྱའི་ཐོག་ནས་བཅར་དྲི་བྱས་པའི་ངག་ཐོག་ནས་ལོ་རྒྱུས་གསུངས་པ་བཞིན་ནང་ཆེན་ཉེར་ལྔའི་དབུས་ཚོགས་གཙོ་པདྨ་བཀྲ་ཤིས་ནས་སྤྱི་ལོ་ ༢༠༡༧ ལོའི་ཟླ་བ་ ༤ ཚེས་ ༡༦ ཉིན་བྲིས་པ་དགེའོ། །་

Leave a Reply

Your email address will not be published. Required fields are marked *