Central Welfare of Nangchen Nyernga – ནང་ཆེན་ཉེར་ལྔའི་དྲ་བ།

གཉིས་པ་བཀའ་ཡི་གྱད་བློན་ཁག་བཞི་ནི།

 ཨ་ལྕགས་འབྲུ་ཡི་གདུང་རིགས་གླིང་གི་བློན་ཆེན་སེང་སྟག་ཨ་དོམ་གྱི་གདུང་ལས་བྱུང་བ་གྱད་བློན་སྡོམ་པ་བེ་ཧུ། རྒྱལ་གཤེན་ཤག་རིགས་ཡ་ངལ་གྱི་གདུང་ལས་བྱུང་བ་གྱད་བློན་ཨ་ཤག་བེ་ཧུ། ངོ་མཚར་མཁའ་ལྡིང་ཁྱུང་གི་གདུང་ལས་བྱུང་བ་གྱད་བློན་ཁྱུང་པོ་བེ་ཧུ། ལྡོང་སྨུག་པོ་འབྲོང་པའི་རྒྱུད་ལས་བྱུང་བ་གྱད་བློན་སྦྲ་ཆེན་བེ་ཧུ་བཅས་ཡིན།

གསུམ་པ་ཕྱི་བློན་རོལ་པ་སྐྱ་བདུན་ནི།

 རྒྱལ་ཚབ་རྫོང་ཐང་འབྲོང་པ་བེ་ཧུ། སྡོམ་པ་བེ་ཧུ། ཨ་ཤག་བེ་ཧུ། ཁྱུང་པོ་བེ་ཧུ། འབྲོང་པ་སྦྲ་ཆེན་བེ་ཧུ། ཤར་མདའ་བེ་ཧུ། འབྲོང་སར་བེ་ཧུ་བཅས་རྒྱལ་ཚབ་དང་ནང་བློན་ཁག་བཞི་བརྩིས་པའི་བདུན་དུ་འཁོད་འདུག།

དེམ་ཆི་ཉི་ཤུ་རྩ་ལྔའམ་ཕྱི་སྡེ་དཔོན་མགོ་ཉེར་ལྔའི་མིང་རགས་ཙམ་སྨོས་ན།

 དེ་ལ་བཤད་ཚུལ་མི་འདྲ་བ་ཅི་རིགས་ཡོད་པར་སྣང་ཡང་འདིར་ནང་ཆེན་གསེར་ཕྲེང་ལས་ཞེས་པའི་ཡིག་རྙིང་ལས། ༡ གྲྭའུ་མེར་རྒན་ཐཱ་ཇེ་བེ་ཧུ་ཅང་། ༢ དགེ་རྒྱལ་སྨད་མ་བེ་ཧུ་ཅང་། ༣ རོང་པོ་བེ་ཧུ་ཅང་། ༤ རག་ཤུལ་བེ་ཧུ་ཅང་སྟེ་དཔོན་ཆེན་ཁག་བཞི། ༥ ཟུར་མང་བེ་ཧུ་ཅང་། ༦ བུ་ཆེན་བེ་ཧུ་ཅང་།༧ ཁྲི་འདུ་བེ་ཧུ་ཅང་། ༩ ཞེའུ་བེ་ཧུ་ཅང་། ༡༠ ཉ་མཚོ་བེ་ཧུ་ཅང་། ༡༡ གུ་ཚ་བེ་ཧུ་ཅང་། ༡༢ སུ་རུག་བེ་ཧུ་ཅང་། ༡༣ འབྲོང་སྟོད་བེ་ཧུ་ཅང་། ༡༤ འབྲོང་སྨད་བེ་ཧུ་ཅང་། ༡༥ དགེ་རྒྱལ་སྟོད་མ་བེ་ཧུ་ཅང་། ༡༦དགེ་རྒྱལ་བར་མ་བེ་ཧུ་ཅང་།༡༧ ཡག་ར་བེ་ཧུ་ཅང་། ༡༨ བེ་རུ་ཆུང་ཤུལ་བེ་ཧུ་ཅང་། ༡༩ ཡུལ་ཤོས་བེ་ཧུ་ཅང་། ༢༠ ཆུ་ལེན་ཏོལ་ཏོའི་བེ་ཅང་། ༢༡ དུམ་པ་བེ་ཅང་། ༢༢ གྲྭའུ་ནན་ཤལ་བེ་ཅང་།…

ཨ་ཁྲོ་ཚོ་བདུན་ནི།

 ཨ་ཁྲོ་བེ་ཧུ་ཅང་། ཨ་ཡུང་བེ་ཅང་། ཨམ་ཤག་བེ་ཅང་། རླེ་ཡུ་བེ་ཅང་། ཡེ་རྒྱས་བེ་ཅང་། ལྷ་རྩེ་བེ་ཅང་། བསྟན་པ་བེ་ཅང་བཅས་ཨ་ཁྲོ་ཚོ་བདུན།

རྒྱ་སྡེ་ཁག་གསུམ་ནི།

མོང་གོ་ཇེན་བེ་ཧུ་ཅང་། ཡང་ཤར་བེ་ཧུ་ཅང་། ཁང་ན་བེ་ཅང་བཅས་རྒྱ་སྡེ་ཁག་གསུམ། ཁྱོན་བསྡོམས་ཚོ་བ་སུམ་ཅུ་སོ་ལྔ་ཞེས་གྲགས། མདོར་ན་དེམ་ཆི་ཉེར་ལྔ། ཨ་ཁྲོ་ཚོ་བདུན། རྒྱ་སྡེ་ཁག་གསུམ། ནང་སྡེ་ཤོག་ཆེན་བཅོ་བརྒྱད་བཅས་མངའ་འོག་ཤོག་ཁག་ཡོངས་རྫོགས་ཀྱི་སྡོམ་མིང་ལ་ནང་ཆེན་ཚོ་བ་སོ་དྲུག་ཅེས་ཀྱང་འབོད་སྲོལ་ཡོད་འདུག་གོ །

ས་མཚམས་བསྐོར་ནི།

ནང་ཆེན་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་སྐུ་དུས་སུ་མདོ་སྟོད་མིའི་ཆོལ་ཁ་ལ་དབང་བསྒྱུར་ཞིང་ཏྲེ་རབས་ཁ་སྟེ་སྟེ། དེང་དུས་དཀར་མཛེས་ཡན་ཆད་དང་། སོག་ལ་སྐྱ་བོ་མན་ཆད་ལ་དབང་བསྒྱུར། ནང་སོ་སངས་རྒྱས་གྲགས་པའི་སྐུ་དུས་སུ་སྒོམ་སྡེ་ཡག་གསུམ་སྟོད་མ་སྟེ་བྱང་གི་ནམ་མཚོ་ཕྱིན་ཆད་མངའ་རིས་བསྐྱངས་བ་དང་། རྒྱལ་པོ་རྡེ་རྗེ་ཚེ་དབང་སྐུ་དུས་སུ། རྒྱལ་དབང་ལྔ་པ་དང་རྡོ་རྒན་ཨམ་བན་སོགས་ཀྱི་ས་ཡིག་ལམ་ནས་གསལ་བ་ལྟར་ན། ཤར་ནས་འདན་ཁྲ་བོ་ལ། ལྷོ་ནས་ཇོ་ནག་པོ་རྡོ་འབུམ། ནུབ་ནས་སོག་ཕ་ཝང་གཡང་འཛོམ། བྱང་ནས་མཚོ་སྔོན་པོ་ཚུན་ཡིན་པར་གྲགས།

སྒ་པ་རུས་ཆེན་ཕྱུག་དྲུག་ཟེར་བ་ནི།

འབྲི་ཀླུང་དམ་པ་ཆོས་ཀྱི་ཕྱུག དངུལ་རྫ་ཉིན་སྲིབ་ཤིང་གི་ཕྱུག བྱང་རྫ་དཀར་པོ་ལུག་གི་ཕྱུག རྨ་རྫ་བྲེ་མོ་གཡག་གི་ཕྱུང་། རྫ་ཤོད་གཡེལ་མོ་རྟ་ཡི་ཕྱུག ལྷོ་རྫ་སྔོན་མོ་ནས་ཀྱི་ཕྱུག་ཟེ་བ་དང་།

སྒ་ལྡན་སྐྱུར་གསུམ་ཟེར་བ་ནི།

སྒ་ཇོ་བོ་རི་ནས་འབའ་རེས་ཤུག་པ་གཡག་རྔ་ཙམ་སྐྱེ་བ་ཡན་ལ་སྒ་པ། དེ་ནས་ལྡན་ཁྲ་བོ་ལ་ཡན་ལ་སྐྱུར་ར། དེ་ནས་ལྡན་ཀ་ཕུ་ཡན་ལ་ལྡན་མ་ཡིན་པར་བཤད་དོ། ། བོད་རབ་བྱུང་བཅུ་བདུན་པའི་མེ་ཕོ་སྤྲེལ་སྨིན་དྲུག་ཟླ་བའི་མར་ངོས་ཚེས་ ༢༢ སྟེ་སྤྱི་ལོ་ ༢༠༡༦ ལོའི་ཟླ་ ༡༢ ཚེས་ ༢༠ ཉིན་དེ་སྔོན་ནང་ཆེན་རྒྱལ་རབས་ཁག་ལས་ལེགས་བཅོས་ཅུང་ཟད་བྱེད་ཁུལ་བྱས་ཤིང་བུ་མང་ཚངས་སྲས་སུ་བོད་པའམ་པདྨ་མངྒ་ལས་སྤེལ་བ་དགེའོ། །དགེའོ། །དགེའོ། །  

༄༅། །ཁམས་སྟོད་ས་སྐྱོང་ནང་ཆེན་ཆོས་རྒྱལ་ཆེན་པོའི་རྒྱལ་རབས་ལེགས་བཏུས་མུ་ཏིག་ཕྲེང་བ་བཞུགས་སོ། །

དེའང་གུ་གེ་པུ་རང་ནས་སོག་ལ་སྐྱ་བོའི་ཡན་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ། སོག་ལ་སྐྱ་བོ་ནས་རྨ་ཆུ་ཁུག་པ་ཡན་མདོ་སྟོད་མགོ་ནག་མི་ཡི་ཆོལ་ཁ། རྨ་ཆུ་ཁུག་པ་ནས་རྒྱ་ཡི་མཆོད་རྟེན་དཀར་པོ་ཡན་མདོ་སྨད་རྟ་ཡི་ཆོལ་ཁ་སྟེ་མི་རྟ་ཆོས་གསུམ་གྱི་ཆོལ་ཁ་ཞེས་ཡོངས་སུ་གྲགས་པའི་ཡ་གྱལ་མདོ་སྟོད་མགོ་ནག་མི་ཡི་ཆོལ་ཁའི་མངའ་ཁོངས་སུ་གཏོགས་པའི་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་བར་མ་ཆད་པར་བྱོན་པའི་སྒོམ་སྡེའི་ས་སྐྱོང་ཆེན་པོ་ནང་ཆེན་ཆོས་ཀྱི་རྒྱལ་པོ་དེ་ཉིད་ཀྱི་ལྷ་རིགས་གདུང་རྒྱུད་གང་ལས་ཆད་པ་ཡིན་ཞེ་དེ་ཡང་རྒྱལ་རབས་འབེལ་གཏམ་ལས། རུས་ཆེན་དྲུག་ལས་འགྲན་བྲལ་ཨ་ལྕགས་འབྲུ། །དཔའ་མཛངས་འཕྲུལ་གྱི་རྩལ་དྲུག་ལུས་ལ་རྫོགས།  །ཆེན་པོའི་ལུང་དང་ལག་རྟགས་གཡུ་རལ་རྒྱས།  །མདོ་ཁམས་གངས་རིར་འགྱིང་བའི་སེང་གེ་མཆོག།།ཅེས་འབྱུང་བ་ལྟར་བོད་མིའུ་གདུང་དྲུག་གི་ནང་ནས་ཨ་ལྕགས་འབྲུ་སྟེ། ཇི་སྐད་དུ། ཡིག་ཚང་མཁས་པ་སྒ་ལ་ཡོད། །དཔའ་གཡེར་ཨ་ལྕགས་འབྲུ་ལ་ཡོད། །ཆེ་རྒྱུད་སྨུག་པོ་ལྡོང་ལ་ཡོད། །མང་སྣ་སེ་ཆུང་དབྲ་ལ་ཡོད། །ཅེས་དང་། དེ་བཞིན་དུ། མིའུ་གདུང་དྲུག་གི་རུས་མཛོད་ལས། རི་རྩ་བ་གསུམ་དེ་འབྲུ་ལ་ཐོབ། །འབྲུས་རྒྱལ་ས་ནོན་པ་དེ་ཡི་དོན། །ཞེས་གསུངས་པའི་ཨ་ལྕགས་འབྲུ་ཡི་གདུང་རིགས་ནི། ཇི་སྐད་དུ། འབྲུ་ཡིས་འབྲི་མོ་ཁྲོམ་ཁྲོམ་ཐོབ། །ཅེས་ཁྲི་དོ་ཆེན་མོའི་བུ་གསུམ་པ་ཨ་ལྕགས་འབྲུ་ལ་འབྲི་མོ་ཁྲོམ་ཁྲོམ་ཞེས་པའི་ས་ཆ་<<དེང་སང་འཇོ་མདའ་རྫོང་ས་དཀར་ཡུལ་ཚོའི་ཁོངས་གཏོགས་འབྲུ་ཁོག་ཞེས་པའི་ལུང་པ་དེ་ཡིན་པར་སྣང་། རབ་བརྟན་དགེ་ལེགས་ཕུན་ཚོགས་ཀྱིས་རྩོམ་བྲིས་གནང་བའི་(མདོ་ཁམས་གླིང་ཡུལ་ཞིབ་ཉུལ)ཞེས་པ་ལས། ལུང་པ་དེ་ཡི་འབྲུ་མདའི་ལམ་ཟུར་ན་འབྲུ་སྟག་རྒོད་གམ་འབྲུ་རྒན་སེ་བོའི་མཁར་ཤུལ་མིང་ལ་རྫོང་སྟག་མ་ཟེར་བའི་མཁར་ཤུལ་ཞིག་རོར་སོང་བའི་ས་འབུར་དང་། མཁར་མགོ་དགོན་པའི་མདུན་ཐད་ཀྱི་ལམ་ཆེན་གཡས་ལྟག་ལ་སྟག་རྒོད་བྲག་ཟེར་བའི་བྲག་དེལ་རྒྱབ་ན་འབྲུ་སྟག་རྒོད་ཀྱི་མཁར་ཤུལ་དངོས་སུ་ཡོད་པ་དང་། འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་གི་སྐུ་མཁར་ཕོ་བྲང་ཆེན་པོ་གསེར་ལུང་དགུ་རྫོང་ངམ་བྱ་ནག་ལྡིང་རྫོང་དུ་གྲགས་པ་སོགས་ཀྱི་ཤུལ་ད་ལྟའི་བར་དུ་བཞུགས་ཡོད་པ་སོགས་གསལ་པོར་གསུང་འདུག་པས་ཤེས་ནུས།>>དེ་ཐོབ་པ་ཡིན།  གཞན་ཡང་ནང་ཆེན་དབང་དྲག་རྒྱལ་པོའི་འབྲོང་པའི་རྟོགས་བརྗོད་ལས། དེ་ཡང་མིའུ་རུས་དྲུག་དང་། །འདྲེས་མ་སྣ་ཚོགས་བྱུང་བ་ལས། །འདིར་ནི་བོད་ཀྱི་མི་རྒྱུད་ལས།  །རིམ་པར་འཕོས་པའི་སྙིང་སྟོབས་ཅན། །དྲག་པོ་ཐོག་རྒོད་བུ་དྲུག་གིས། །བདུད་ལ་ཕ་ཤ་ལེན་དུ་སོང་། །གཅེན་པོས་བདུད་བཏུལ་ཡིག་ཚང་དང་། །བདུད་ཀྱི་ལས་ཀ་བཅོ་བརྒྱད་བླངས། །གསེར་གྱི་ཁྲི་ལ་ཧོར་སྟེགས་ཀྱིས། །འབྲུ་འབྲུ་བྱས་པས་འབྲུ་ཞེས་གྲགས། །དེ་ལས་རིམ་པར་མཆེད་པ་ལས། །ཨ་ལྕགས་འབྲུ་ཡི་གདུང་རབས་དང་། །ཨ་ཡ་མེད་པའི་མི་དྲུག་དང་། །གཏའ་མ་ལེན་པའི་མི་དྲུག་བྱུང་།…