གོང་ས་བཅུ་བཞི་པ་ཆེན་པོའི་དབུ་ཁྲིད་པའི་བཙན་བྱོལ་གཞུང་གིས་ལམ་སྟོན་འོག་ནསསྤྱི་ལོ་ ༡༩༧༤ ལོ་གསར་འཛུགས་གནང་བའི་གཞིས་ཆགས་ཤིག་ཡིན། སྤྱིར་གཞིས་ཆགས་ཀྱི་ས་ཆའི་རྒྱ་ཁྱོན་ལ་ཨེ་ཀ་ ༣༠༠༠ ཐམ་པ་ཡོད། མི་གྲངས་བཞི་སྟོང་ལྔ་བརྒྱ་ཙམ་ཡོད། དེང་སང་ཡང་གཞིས་ཆགས་ནང་བསྡོད་མཁན་སུམ་སྟོང་ལྷག་ཙམ་ཡོད་ཚོད་འདུག སྤྱིར་ཀོ་ལེས་སྒར་གཞིས་ཆགས་ནང་དུ་ཁམས་པ་བརྒྱ་ཤོག་དྲུག་ཡོད་འདུག དེ་ཡི་ནང་ནས་སྐྱབས་རྗེ་རི་པ་བར་མའི་དགོན་པའི་བླ་མ་བག་ཡོད་རིན་པོ་ཆེའི་དབུ་ཁྲིད་པའི་ནང་ཆེན་འབྲོང་པ་སྨད་མའི་བརྒྱ་ཤོག་དང་། ནང་ཆེན་འབྲོང་པ་སྟོད་མིའི་བརྒྱ་ཤོག་གཉིས་དང་བཅས་ཁམ་ཙང་ནང་ཆེན་བརྒྱ་ཤོག་གཉིས་ཡོད་འདུག གཞན་ཡང་ཁམས་པ་བརྒྱ་ཤོག་རྣམས་ཀྱི་ནང་དུ་ནང་ཆེན་དུད་ཚང་ཐོར་བུར་གཞིས་ཆགས་ནས་གནས་མཁན་ཡང་མང་པོ་ཡོད་འདུག ཀོ་ལེས་སྒར་གཞིས་ཆགས་ནང་དུ་སྡོམ་ཚོད་དཔག་བྱས་ན་ནང་ཆེན་དུད་ཚང་དྲུག་བཅུ་ལྷག་ཙམ་ཡོད་འདུག་པ་བཅས་ལ་བརྟེན་ནས་ཡོངས་གྲགས་ནང་ཆེན་གཞིས་ཆག་ཞེས་ཐོག་ཡོད། གཞིས་ཆགས་འདི་ཡི་ནང་དུ་རྫོགས་ཆེན་དགོན་པ་དང་། རི་པ་སྟོད་མའི་དགོན་པ། བྱང་རྟ་རྣ་དགོན་པ། སྟག་ཤམ་དགོན་པ། ཆོས་རྗེ་ཨ་དབྱངས་རིན་པོ་ཆེའི་ཕྱག་བཏབ་པའི་འབྲི་གོང་དགོན་པ་སོགས་ཡོད་པའི་ནང་ནས་རི་པ་བར་མའི་དགོན་པ། བྱང་རྟ་རྣ་དགོན་པ། འབྲི་གོང་དགོན་པ་གསུམ་དང་། ཕ་ཡུལ་ནང་ཆེན་ནས་ཡིན་པའི་མཁན་པོ་ཀར་བསྟན་ནས་བཞེངས་སྐྲུན་གནང་བའི་བདེ་ཆེན་ཞིང་སྒྲུབ་འཚོགས་སའི་ཆོས་ཚོགས་ལྷ་ཁང་ཞིག་ཀྱང་ཡོད་འདུག་དེ་དག་ནས་སྔ་མའི་ལོ་རྒྱུས་རྒྱུད་རིམ་གྱི་ཐོག་ནས་བཤད་ན་ནང་ཆེན་ཉེར་ལྔའི་ཁོངས་གཏོགས་དགོན་པ་ཡིན་འདུག ས་གནས་དེར་གཞིས་ཆགས་ནས་ད་ལྟའི་སྤྱི་ལོ་ ༢༠༡༧ ལོའི་བར་དུ་ལོ་གྲངས་བཞི་བཅུ་ཞེ་གསུམ་འཁོར་ཡོད། སྤྱི་ལོ་ ༢༠༡༧ ལོའི་ཟླ་ ༣ ཚེས་ ༤ ཉིན་ཀོ་ལེས་སྒར་གྱི་གཞིས་ཆགས་ལ་གནས་སྡོད་བྱེད་མཁན་ནང་ཆེན་ག་འུ་དབང་དྲག་མགོན་པོ་ལ་ནང་ཆེན་ཉེར་ལྔའི་དབུས་བདེ་དོན་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་བཀྲ་ཤིས་ནས་སྐད་ཕྲིན་དྲྭ་རྒྱའི་ཐོག་ནས་དྲིས་པ་རྣམས་ཇི་བཞིན་ཟིན་ཐོ་བཀོད་པའོ།།
རྒྱ་གར་བྱང་ཕྱོགས་དྷི་ར་རྡུན་ཀམ་རོ་ས་གནས་ཀྱི་གྲྭའུ་གཞིས་ཆགས།
ཐོག་མར་རྒྱ་གར་ལྡི་ལིའི་ལ་བཟོ་ལས་གཞིས་ཆགས་ཤིག་ཡོད། དེ་གོང་ས་བཅུ་བཞི་པ་ཆེན་པོས་བཀའ་གསུངས་བཞིན་སྤྱི་ལོ་ ༡༩༦༧ ལོ་ནས་ཁམས་སྟོད་ས་སྐྱོང་ནང་ཆེན་ཆོས་རྒྱལ་ཆེན་པོའི་བཀའ་ཡི་བློན་ཆེན་གྲྭའུ་དཔོན་རིན་ཆེན་ཚེ་རིན་མཆོག་ནས་དབུ་ཁྲིད་པའི་ཐོག་ནས་དྷི་ར་རྡུན་ཀམ་རོ་ས་གནས་སུ་གཞིས་ཆགས་རྒྱུ་ཞིག་ཡིན། གཞིས་ཆགས་དེ་ཡི་མི་དམངས་མང་ཆེ་ཤོས་ནང་ཆེན་ཉེར་ལྔའི་ནང་ཚན་སྒ་པ་གྲྭའུ་དཔོན་གྱི་འབངས་སྡེ་ཡིན་པ་མ་ཟད་གཞིས་ཆགས་ཐོག་མར་རྩ་འཛུགས་བྱེད་མཁན་ཡང་གྲྭའུ་དཔོན་རིན་ཆེན་ཚེ་རིང་ཡིན་པའི་རྒྱུ་མཚན་གྱིས་གྲྭའུ་གཞིས་ཆགས་ཞེས་ཐོག་ཡོད། ད་ལྟ་སྤྱི་ལོ་ 2017 ལོའི་བར་ལོ་འཁོར་ལྔ་བཅུ་ཐམ་པའི་བར་གནས་དང་གནས་མུས་ཡིན། སྤྱི་ལོ་ ༢༠༡༧ ་ཟླ་ ༣ ཚེས་ ༨ ཉིན་ནང་ཆེན་ཉེར་ལྔའི་དབུས་བདེ་དོན་ལྷན་ཚོགས་ཀྱི་ཚོགས་གཞོན་ཡེ་ཤེས་ཚེ་རིང་ལ་གྲྭའུ་དཔོན་རིན་ཆེན་ཚེ་རིང་ནས་གསུངས་པ་རྣམས་ཟིན་ཐོ་བཀོད་པ་པོ་ཚོགས་གཙོ་པདྨ་བཀྲ་ཤིས་ནས་སོ།།
རྒྱ་གར་མན་དཔལ་ནང་ཆེན་གཞིས་ཆགས།
གོང་ས་བཅུ་བཞི་པ་ཆེན་པོའི་དབུ་ཁྲིད་པའི་བཙན་བྱོལ་གཞུང་གི་དགོངས་གཞི་བཞིན་སྤྱི་ལོ་ ༡༩༦༥ ལོའི་ཟླ་ ༡༡ ཚེས་ ༢༥ ཉིན་ཁམས་སྟོད་ས་སྐྱོང་ནང་ཆེན་ཆོས་རྒྱལ་ཆེན་པོའི་བློན་ཆེན་འབྲོང་སར་དཔོན་ནམ་མཁའི་རྡོ་རྗེ་ནས་རྩ་འཛུགས་གནང་ནས་གཞིས་ཆགས་རྒྱུ་ཞིག་ཡིན། གཞིས་ཆགས་ནང་གི་བླ་མ་གཙོ་ཆེ་བ་འཇམ་དབྱངས་མཁྱེན་བརྩེའི་ཡང་སྤྲུལ་དེང་སང་ཡོངས་གྲགས་ལ་སྐྱབས་རྗེ་བེ་རི་མཁྱེན་བརྩེ་རིན་པོ་ཡིན། སྤྱི་ལོ་ ༡༩༦༤ ལོ་ནས་བཟུང་བཙན་བྱོལ་གཞུང་གི་སྐུ་གྲགས་གཞུང་འཛིན་པ་འགའ་ཤས་ནས་ལྟ་སྟངས་དང་འཛིན་སྟངས་མ་ལེགས་པའི་དབང་གིས་སྤྱི་ལོ་ ༡༩༩༢ ལོ་ཡི་བར་དུ་དཀའ་ཁག་རབ་དང་རིམ་པ་མང་པོ་ཞིག་མྱང་ནས་སྒེར་བཙན་གྱི་ཐོག་ནས་བསྡོད་དགོས་བྱུང་ཡོད། དེ་ནས་སྤྱི་ལོ་ ༡༩༩༢ ལོ་ནས་བོད་མི་ཡོངས་ཀྱི་དབུ་ཁྲིད་བླ་ན་མེད་པ་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ས་གནས་འདིར་འཚམས་གཟིགས་ལ་ཕེབས་པའི་སྐབས་ཤིག་ལ་འབྲོང་སར་དཔོན་ནམ་མཁའ་རྡོ་རྗེ་མཆོག་སྐུ་བཅར་ཞུས་ཤིང་གཞིས་ཆགས་ཀྱི་གནས་ཚུལ་ཞིབ་ཕྲ་དུས་ཡུན་ཆུ་ཚོད་ ༢ ཙམ་རིང་ལ་ཞུས་ཤིང་གོང་ས་མཆོག་གིས་ཡང་ཐུགས་དགྱེས་ཚུལ་ཆེན་པོའི་ཐོག་ནས་བཀའ་བཟང་གསུངས་བཟང་འོགས་ནས་ད་ལྟའི་བར་བོད་མིའི་སྒྲིག་འཛུགས་དང་། བོད་མིའི་གྲོས་ཚོགས་ཀྱི་བཀའ་འོག་སྲུང་བརྩི་དང་ཕྱར་གྲུ་མཉམ་འདེགས་ཀྱི་ཐོག་ནས་ད་ལྟ་བར་གཞིས་མགོ་དང་བརྒྱ་དཔོན་གཞིས་ཆགས་རང་གི་ནང་ནས་རེས་མོས་བྱེད་ཅིང་སྤྱི་ལོ་ ༢༠༡༧ ལོའི་བར་དུ་ལོ་ ༥༢ བར་དུ་གནས་ཡོད། ལོ་རྒྱུས་འདི་དཔོན་ནམས་མཁའི་རྡོ་རྗེ་དང་མཉམ་དུ་དཀའ་སྡུག་གི་ཁྲོད་ནས་གཞིས་ཆགས་དེ་ཡི་འགན་ཁུར་བ་ནང་ཆེན་གཡུ་རྒྱལ་ལ་སྐད་ཕྲིན་རྒྱུད་ནས་དྲི་བ་དང་དྲི་ལན་བྱས་ནས་ཟིན་ཐོ་བཀོད་པ་པོ་ནང་ཆེན་ཉེར་ལྔའི་དབུས་ཀྱི་ཚོགས་གཙོ་པདྨ་བཀྲ་ཤིས་ནས་སྤྱི་ལོ་ ༢༠༡༧ ལོའི་ཟླ་ ༣ ཚེས་ ༧ ཉིན་བྲིས།
སྦིར་བལ་ལས་ཚོགས་པའི་ནང་ཆེན་གཞིས་ཆགས།
གོང་གི་སྦིར་བོད་ཚོགས་ནང་ཆེན་གཞིས་ཆགས་དེ་ཡིན། སྤྱི་ལོ་ ༡༩༦༧ ལོ་ཙམ་ནས་༧གོང་ས་༧མཆོག་གིས་ཀེ་ཌན་དྷི་ཝེ་སིན་དང་། བྷུ་རུ་སི་ཊར་དེ་ཚོའི་ཚོགས་པ་དེ་ལ་སྦིར་བལ་ལས་བཟོ་གྲྭའམ། སྦིར་བོད་ཚོགས་ཞེས་པ་འདིར་འཇོག་དགོས་པའི་བཀའ་གནང་བ་བཞིན། བླ་དཔོན་རྣམ་གཉིས་<<བླ་མ་མཆོག་གླིང་རིན་པོ་ཆེ་དང་། དཔོན་བྱ་རྒོད་རྣམ་རྒྱལ་རྡོ་རྗེ་>>ཀྱིས་ཐུགས་ཐག་བཅད་ནས་ས་ཆ་གནང་རྒྱུ་གཏན་ཁེལ་ཡོད་པ་དང་། སྦིར་བོད་ཚོགས་ཞེས་དེབ་སྐྱེལ་དུ་མིང་དེ་ལྟར་འཁོད་ཡོད་ཀྱང་། ཐོག་མ་གཞིས་ཆགས་འདིར་སླེབས་པའི་སྐབས་མི་འབོར་གྱི་བརྒྱ་ཆ་བདུན་ཅུ་ལྷག་ནང་ཆེན་འབྲོང་པ་སྨད་མའི་དཔོན་འབྲི་གུང་ལམ་མཁྱེན་རྒྱལ་པོ་རིན་པོ་ཆེ་ནས་སྣེ་ཁྲིད་ནས་བཙུགས་ཡོད་པ་རེད། སྤྱི་ལོ་ ༡༩༧༧ ལོ་ཙམ་གྱི་བར་གཞིས་ཆགས་ཀྱི་གཞིས་འགོ་དབུ་འཛིན་ཡང་རྒྱལ་པོ་རིན་པོ་ཆེ་ཁོང་རང་གི་དབུ་ཁྲིད་པའི་ཐོག་ནས་འཛིན་སྐྱོང་གནང་བ་ཞིག་ཡིན། གཞིས་ཆགས་ལ་ཡང་རྒྱལ་པོའི་གཞིས་ཆགས་ཡང་འབོད་སྲོལ་ཡོད་འདུག དེ་ནས་སྤྱི་ལོ་ ༡༩༧༧ ལོ་ནས་བཟུང་བོད་མི་སྒྲིག་འཛུགས་ཀྱི་ངོས་ནས་གཞིས་འགོ་སྐུ་ངོ་རྩ་འཛུགས་བྱས་པའི་ཐོག་ནས་འཛིན་སྐྱོང་བྱས་ཤིང་ད་ལྟའི་ ༢༠༡༧ ལོ་ཡི་བར་དུ་གཞིས་ཆགས་བསྲ་བརྟན་དང་ཡར་རྒྱས་ཀྱི་རང་བཞིན་དུ་གནས་དང་གནས་མུས་ཡིན། ལོ་རྒྱུས་འདི་བོད་ཁམས་བཟོ་གཞིས་ཚོགས་པ་ལོ་ལྔ་བཅུ་འཁོར་བའི་དྲན་དེབ་དང་། འབྲོང་པ་སྨད་མའི་དཔོན་གཡུ་རྒོད་ལ་སྐད་ཕྲིན་རྒྱུད་ནས་བཅར་དྲི་བྱས་ནས་སྤྱི་ལོ་ ༢༠༡༧ ལོའི་ཟླ་ ༣ ཚེས་ ༡༢ ཉིན་དབུས་ནང་ཆེན་ཉེར་ལྔའི་ཚོགས་གཙོ་མིང་པ་བུ་མང་ཚངས་སྲས་ནས་ཟིན་ཐོ་བཀོད་པ་དགེའོ། །
སྦིར་རི་ནང་ཆེན་གཞིས་ཆགས།
གཞིས་ཆགས་འདི་ཡི་ཁྱབ་ཁོངས་སུ་ནང་ཆེན་གཞིས་ཆགས་ཁག་གཉིས་ཡོད་འདུག སྦིར་ནང་ཆེན་གཞིས་ཆགས་དང་། སྦིར་བོད་ཚོགས་ནང་ཆེན་གཞིས་ཆགས་གཉིས་ཡིན། དང་པོ་སྦིར་ནང་ཆེན་གཞིས་ཆགས་ནི་གཏེར་ཆེན་མཆོག་གྱུར་གླིང་པའི་སྐུ་ཕྲེང་གསུམ་པ་པདྨ་འགྱུར་མེད་རྒྱ་མཚོ་རིན་པོ་ཆེ་མཆོག་གི་སྐུ་འཁོར་རྣམས་སྤྱི་ལོ་ ༡༩༥༨ ལོའི་ཟླ་ ༦ པའི་ནང་ནས་འབྲས་ལྗོངས་སུ་ཕེབས། རྒྱ་གར་གྱི་ནང་པའི་གནས་ཆེན་ཁག་དང་བལ་ཡུལ་གྱི་གནས་ཆེན་ཁག་གནས་སྐོར་གྲུབ་ནས་ཕྱིར་འབྲས་ལྗོངས་སུ་ཕེབས་ནས་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་རྣམ་པའི་མཉམ་དུ་ཕྱིར་བོད་ལ་ཕེབས་འཆར་ཡོད་ཀྱང་། སྤྱི་ལོ་ ༡༩༥༩ ལོའི་དུས་འགྱུར་ཆེན་པོ་དེ་བྱུང་ཞིང་བོད་ས་ཡོངས་རྫོགས་ཤོར་བས་བོད་དུ་ཕྱིར་ཕེབས་མ་ཐུབ་པར་གྱུར་ནས། སྤྱི་ལོ་ ༡༩༦༠ ལོ་ནས་ ༡༩༦༢ ལོའི་བར་དུ་བལ་ཡུལ་དུ་བཞུགས། སྤྱི་ལོ་༡༩༦༣ གྱི་ལོ་མཇུག་དགུན་ཁ་ཙམ་ནས་རྒྱ་གར་ལྡི་ལི་རུ་ཕེབས་ནས་ཀརྨ་པ་བཅུ་དྲུག་པ་ཆེན་པོ་རིག་པའི་རྡོ་རྗེ་མཆོག་དང་། གུང་ཐང་ཚུལ་ཁྲིམས། འབྲོང་སར་དཔོན་ནམ་མཁའི་རྡོ་རྗེ་སོགས་ཐུག་འཕྲད་དང་ཕན་ཚུན་གྲོས་མོར་གང་མཚམས་བྱུང་ཞིང་། དེ་ནས་རིམ་བཞིན་༧གོང་ས་མཆོག་མ་ན་ལེའི་ལ་ཕར་རྒྱབ་ཏུ་ལས་བཟོ་བར་གཟིགས་སྐོར་དུ་ཕེབས་སྐབས་མཇལ་ཁ་ཞིག་ཏུ་ཐད་ཀར་མཆོག་གླིང་རིན་པོ་ཆེར་ཕྱག་མཛུབ་བཙུགས་ནས་བླ་མ་སྤྲུལ་སྐུ་ནུས་པ་དང་ཤེས་ཡོན་ཡོད་མཁན་བཙན་བྱོལ་ནང་ཕེབས་པ་ཚོས་མི་མང་གི་འགན་ཁུར་ནས་ལས་ཀ་བྱེད་དགོས་པ་དང་། མི་མང་གི་འགོ་ཁྲིད་དགོས་པ་རེད་ཅེས་བཀའ་ནན་པོ་གནང་བར་བརྟེན། སྤྱི་ལོ་ ༡༩༦༤ ལོའི་དགུན་ཁ་མ་ན་ལེའི་པ་ཏེ་ཀུལ་གྱི་རི་མགོ་ཞིག་ལ་ཚོགས་འདུ་ཆེན་པོ་ཞིག་འཚོགས་ནས་གནས་སྐབས་བོད་རང་བཙན་ཐོབ་ས་མ་རེད་ང་རང་ཚོས་ཀྱང་གཞིས་ཆགས་དགོས་འདུག་ཟེར་ནས་གྲོས་མཐུན་བྱུང་བ་རེད། དེ་སྐབས་གནས་སྐོར་ཁམས་པའམ་རང་དབང་(ཁོས་ཤིས་ཁམས་པ)ཁམས་པ་ཞེས་དབྱར་ཁ་བོད་ལ་ཕར་ལོག་འགྲོ་བ་དང་། གངས་རིན་པོ་ཆེ་དང་། སྤུ་ཧྲེང་། གཞིས་ཀ་རྩེ་སོགས་སུ་འགྲོ་བ་དང་། དགུན་ཁ་ཚུར་ལྡི་ལིར་སླེབས་ཡོང་མཁན་ཁག་ཅིག་ཡོད་པ་དེ་དག་མང་པོ་ཞིག་མཆོག་གླིང་བླ་བྲང་གི་འཁོར་བྱས་ནས་བསྡད་ཡོད་པ་དེ་དག་རུག་རུག་བྱས་ནས་ཚོགས་པ་ཞིག་བཙུགས་ན་འགྲིག་གི་ཡོད་མེད་རག་ཤུལ་ཀར་འགྲོ་ཆེད་དུ་རྡ་རམ་ས་ལར་ཡོད་པའི་ནང་སྲིད་ལྷན་ཁང་ལ་དགོངས་སྐོར་ཞུས་བར་བཏང་དུས། བཀའ་ལན་དུ་དེ་དག་སུས་ཀྱང་མགོ་རུག་མ་ཐུབ་པར་ལྷག་ཡོད་པ་དེ་དག་ཚུལ་བསྡུས་ནས་ཚོགས་པ་བཙུགས། བརྒྱ་ཤོག་བཟོ་ཐུབ་ན་ཧ་ཅང་ཡག་པོ་རེད། དེ་ལྟར་བྱེད་ཆོག་གི་རེད་ལ། དེ་ལྟར་གནང་རོགས་གནང་ཞེས་ཆོག་མཆན་གནང་བ་མ་ཟད། བོད་མི་སྤྱི་མཚུངས་ཀྱི་ཐོབ་ཐང་དང་སྐྱོབ་གསོ་རོགས་རམ་དེ་ཚོ་གནང་གི་ཡིན་ཞེས་བཀའ་ཤོག་དང་བཅས་གནང་ཡོད་པ་རེད། གཞན་ཡང་བྱ་རྒོད་རྣམ་རྒྱལ་རྡོ་རྗེ་སྤྱི་ལོ་ ༡༩༦༤ ལོ་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་ནས་མི་མང་བསྡུ་རུབ་བྱས་ནས་གཞིས་ཆགས་ཞིག་འཛུགས་རྒྱུའི་རེ་འདུན་ཡོད་ཚུལ་སྙན་སེང་ཞུས་སྐབས། ༧གོང་ས་མཆོག་གིས་དེ་ལྟར་གཞིས་ཆགས་ཤིག་འཛུགས་ཐུབ་པ་བྱུང་ན་བོད་བསྟན་པ་ཆབ་སྲིད་དང་བོད་མི་མང་ལ་ཧ་ཅང་གི་ཕན་ཐོགས་ཆེན་པོ་ཡོད་པའི་བཀའ་བཟང་ཕེབས་པ་ལྟར་།…
དབའ་ཧོ་བསྟན་འཛིན།
དབའ་ཧོ་བསྟན་འཛིན་ནི་བོད་ཁམས་སྟོད་ནང་ཆེན་ཆོས་རྒྱལ་ཆེན་པོའི་ཆབ་འབངས་ཟུར་མང་བེ་ཧུའི་འབངས་སྡེ་ལ་བེ་ཅང་ཁག་བཞི་ཡོད་པ་ལས་དབའ་ཧོ་བེ་ཅང་ཚང་གི་རྒྱུད་པ འཇིགས་མེད་རྣམ་རྒྱལ་དངོས་ཡིན་ལ།
ནང་ཆེན་ཉེར་ལྔའི་དབུས་བདེ་དོན་ལྷན་ཚོགས།
སྐབས་དང་པོའི་རྒྱུན་ལས། ནང་ཆེན་ཉེར་ལྔའི་དབུས་བདེ་དོན་ལྷན་ཚོགས་འདི་ནི། ཁམས་སྟོད་ས་སྐྱོང་ ༸ མི་དབང་ནང་ཆེན་ཆོས་རྒྱལ་ཆེན་པོའི་ཆབ་འབངས་སུ་གཏོགས་པའི་བྱེས་འབྱོར་བོད་མི་ཡོངས་ལ་དམིགས་ཤིང་དུས་རབས་ཚན་རྩལ་གྱི་དབང་གིས་སྤྱིར་བོད་རིགས་སྤུན་ཟླ་ཡོངས་དང་། དགོས་སུ་ངེད་ནང་ཆེན་ཉེར་ལྔའི་ཁྱབ་ཁོངས་སུ་གཏོགས་པའི་སྤུན་ཟླ་རྣམས་བཙན་བྱོལ་ཡུལ་གྲུ་འདྲ་མིན་ནང་དུ་ཁ་འཐོར་དགུ་འཐོར་ངང་ལ་གནས་ཤིང་གཅིག་ངོ་གཅིག་གིས་མི་ཤེས་པ་དང་། མི་རིགས་འདྲ་མིན་དང་མཉམའདྲེས་སོགས་ཀྱི་ཛ་དྲག་མཉེན་འཕྲང་འོག་ནས་ནང་ཆེན་ཉེར་ལྔའི་ཆབ་འབངས་ཀྱི་སྤུན་ཟླ་རྣམས་ཕན་ཚུན་ངོ་ཤེས་འགྲོག་འདྲེས་ཡོང་ཐབས་དང་། ས་ཁུལ་འདྲ་མིན་དང་རྒྱལ་ཁབ་འདྲ་མིན་སོགས་ལ་ཡོད་པའི་ནང་ཆེན་ཉེར་ལྔའི་གཞིས་ཆགས་ཁག་དང་སྐྱིད་སྡུག་ཁག་ཕན་ཚུན་མཐུན་སྦྱོར་རམ་འདེགས་གཅིག་ཕན་གཅིག་གྲོགས་ཡོང་ཐབས་སུ་ནང་ཆེན་ཉེར་ལྔ་སྤྱི་ཡོངས་ལ་ཁྱབ་པའི་སྒྲིག་འཛུགས་ཞིག་དགོས་པ་གལ་ཆེན་མཐོང་ཞིང་། ཐོག་མར་སྤྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡ ཉིན་དུས་རབས་ཀྱི་འགྲོས་དང་བསྟུན་ནས་<<སྔ་འགྱུར་བའི་གདན་ས་ཆེན་པོ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་སློབ་དཔོན་བུམ་མང་པདྨ་བཀྲ་ཤིས་>>མཆོག་ནས་རྩ་བའི་སྒྲིག་གཞི་<< ༡༽ ཚོགས་པའི་ངོ་བོ། མཐུན་འབྲེལ་གྱི་ལག་གདངས་མཉམ་དུ་སྦྲེལ་ཞིང་ཆབ་སྲིད་དང་ཆོས་ཕྱོགས་ཀྱི་འཐེན་འཁྱེར་དབང་དུ་མ་སོང་བར་ཉམ་ཐག་དང་ཤེས་རིག་སོགས་ཀྱི་ཆེད་དུ་རོགས་སྐྱོར་དང་ཕན་ཐོག་བྱ་རྒྱུའི་དམིགས་ཡུལ་ཡོད་པ། ༢༽ ཚོགས་པའི་སྒྲིག་འཛུགས། ངོ་བཟང་ངན་དང་འཐོབ་ཆེ་ཆུང་སོགས་ཀྱི་བཀོད་ཇུས་ལ་མ་བལྟོས་པར་ཟོལ་མེད་དྲང་བདེན་གྱི་ཐོག་ནས་འགྲོ་ཐུབ་པར་བྱ་རྒྱུ། ༣༽ ཚོགས་པའི་གནས་སྟངས། མཐུན་འབྲེལ་གཏོར་བཤིག་སོགས་ཀྱི་སྐད་ཆ་དང་དོན་མེད་ཀྱི་གློག་བརྙན་འདྲ་པར་སོགས་མི་གཏོང་བར་ཞི་འཇམ་དུ་གནས་རྒྱུ། >>ཞེས་པའི་དོན་ཚན་གསུམ་ཡོད་པ་ཞིག་གཏན་འབེབས་བྱས་ཤིང་དྲྭ་རྒྱའི་ཐོག་ཏུ་<<ནང་ཆེན་ཉེར་ལྔའི་རྒྱལ་ཡོངས་ལྷན་ཚོགས་>>ཞེས་པའི་མཚན་ཐོག་ནས་གསར་དུ་བཙུགས་སྟེ་དྲྭ་གྲོགས་རྣམས་ཀྱིས་ཟླ་ཤས་རིང་ལ་ཕན་ཚུན་མང་མོས་གྲོས་ཆོད་ཐོག་ནས་ཚོགས་པ་འདི་འཛུགས་ཐུབ་ན་ཧ་ཅང་ལེགས་ཚུལ་བྱུང་ན་ཡང་། ལྷག་བསམ་དང་ཤེས་ལྡན་གྱི་མི་སྣ་འགའ་ཤས་ཀྱིས་དགོངས་དོན་ལྟར་ནང་ཆེན་ཉེར་ལྔའི་དཔོན་རྒན་རྣམས་<<གྲྭའུ་དཔོན་རིན་ཆེན་ཚེ་རིང་། སྒ་ཁྲི་འདུ་དཔོན་འཆི་མེད་རྣམ་རྒྱལ། དགེ་རྒྱལ་བར་མའི་དཔོན་བླ་མ་ཀུན་གྲགས། འབྲོང་པ་སྨད་མའི་དཔོན་གཡུ་རྒོད་>>རྣམས་ཀྱི་དབུས་ཉེར་ལྔའི་སྐྱིད་སྡུག་ཁག་གི་རྒྱུན་ལས་ཀྱི་ཚོགས་མི་རྣམས་དང་། ས་གནས་གཞིས་ཆགས་ཁག་གི་འཐུས་ཚབ་སོགས་གནད་ཡོད་ཀྱི་མི་སྣ་ཁག་ཚོགས་ཆུང་ཟུར་བཙུགས་ཀྱི་ནང་དུ་ཕན་ཚུན་གྲོས་མོལ་མཐའ་ཆོད་པ་ཞིག་བྱས་ཤིང་སྤྱི་ལོ་ ༢༠༡༥ ལོའི་ཟླ་ ༨ ཚེས་ ༢༡ ཉིན་གཙོ་བོ་དཔོན་རྒན་རྣམས་དང་། དེ་བཞིན་དུ་ལྷག་བསམ་ཤེས་ལྡན་ཅན་གྱི་མི་སྣ་ཁག་ཅིག་གིས་ཚོགས་གཙོ་<<ནང་ཆེན་ཉེར་ལྔའི་རྒྱལ་ཡོངས་ལྷན་ཚོགས་སྐད་འཕྲིན་གྱི་དྲྭ་བདག་ཚངས་སྲས་ནས་འགན་ལེན་དགོས་པ་དང་>>དེ་བཞིན་དུ་ཚོགས་གཞོན་<<དྲྭ་མིང་བྷོ་དྷི་རྩིཏྟ། དངོས་མིང་ཡེ་ཤེས་ཚེ་རིང་།>>དེ་གཉིས་ལ་ཕྱག་རོགས་སྤྱི་ལོ་ ༢༠༡༦ ལོའི་བོད་མི་མང་སྤྱོ་འཐུས་འོས་གཞི་རུ་བཞེངས་མཁན་ནང་ཆེན་ཉེར་ལྔའི་མི་སྣ་དེ་སྐབས་བཞི་ཙམ་ཡོད་པ་རྣམས་ཀྱིས་འགན་ཁུར་རྐང་ལེན་དགོས་པའི་བསླབ་བྱ་དང་སློབ་སྟོན་གྱི་ནུས་ཤུགས་ལ་རྟེན་ནས་ཚོགས་པ་དངོས་སུ་འཛུགས་པའི་ཐག་ཆོད་བྱུང་།…
ཚོགས་པའི་དམིགས་ཡུལ།
༡༽ ནང་ཆེན་ཉེར་ལྔའི་དབུས་བདེ་དོན་ལྷན་ཚོགས་འདི་ནི་རང་རེ་ཕ་ཡུལ་གཅིག་པའི་བདེ་དོན་ཁོ་ནའི་ཆེད་དུ་ཡིན། ༢༽ དོན་ཚན་གཉིས་པ། སྤྱིར་ཆོས་ལུགས་དང་ཆོལ་ཁའི་དབར་འཐེན་འཁྱེར་གྱི་བསམ་བློ་སྤངས་ཏེ་བོད་མིའི་ནང་ཁུལ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཡོངས་ཐབས་དང་། ཡང་སྒོས་སུ་ཆབ་སྲིད་ཀྱི་དུས་འགྱུར་ལ་བརྟེན་ནས་བོད་མི་རྣམས་ཤར་ནུབ་ཡུལ་གྲུ་གང་སར་ཁ་ཐོར་གྱིས་ཡུལ་གྱར་ལ་གནས་ཡོད་པ་སྤྱི་མཚུངས་ལྟར། ངེད་ནང་ཆེན་ཉེར་ལྔའི་ཁྱབ་ཁོངས་སུ་གཏོགས་པའི་སྤུན་ཟླ་རྣམས་ཀྱང་འཛམ་གླིང་གང་སར་ཁ་ཐོར་གྱིས་གནས་ཡོད་པས་ཕན་ཚུན་འབྲེལ་འདྲིས་ཇེ་ཟབ་དང་མཐུན་ལམ་དམ་ཚིག་ཇེ་བརྟན་ཡོང་ཐབས་འབད་བརྩོན་བྱ་རྒྱུ། ༣༽ མི་རིགས་གཅིག་རྒྱུན་གནས་དགོས་ན་མི་རིགས་རང་གི་སྐད་དང་ཡི་གེ་རྒྱུན་གནས་དགོས་པ་མ་ཟད་དུས་རབས་ཀྱི་འགྱུར་འགྲོས་དང་མཐུན་པའི་དེང་གི་ཤེས་ཡོན་མེད་དུ་མི་རུང་པ་ཡིན་པས། རང་རེ་ནང་ཆེན་ཉེར་ལྔའི་ཁོངས་གཏོགས་ན་གཞོན་རྣམས་ལ་སློབ་སྦྱོང་ཡག་པོ་ཡོང་ཐབས་ཀྱི་སྐུལ་སློང་གང་ཐུབ་བྱ་རྒྱུ་དང་། ཆེད་ལས་སམ་རིགས་གཅིག་རྐང་འཛིན་གྱི་ཐོག་ལ་བློ་མོས་ཡོད་ཀྱང་ཆ་རྐྱེན་ཞན་རིགས་ལ་མཐུན་རྐྱེན་གང་ཐུབ་བསྐྲུན་རྒྱུ། ༤༽ རང་རེ་ནང་ཆེན་ཉེར་ལྔའི་ས་ཁོངས་སོ་སོའི་ཡུལ་སྲོལ་གོམས་གཤིས་དང་ཆས་གོས་སོགས་ཀྱིས་མཚོན་ཐུན་མོང་མ་ཡིན་པའི་དམངས་ཁྲོད་སྲོལ་རྒྱུན་རྣམས་མི་ཉམས་རྒྱུན་འཛིན་དང་། གྲགས་ཅན་གྱི་སྐྱེས་མཆོག་རྣམས་དང་རི་ཆུ་ནགས་གསུམ་སོགས་ཀྱིས་མཚོན་ལོ་རྒྱུས་འཚོལ་སྒྲིག་བྱ་རྒྱུ། ༥༽ ནང་ཆེན་ཉེར་ལྔའི་ཁྱབ་ཁོངས་ནས་ཡིན་ཞིང་ལྟ་རྟོག་བྱེད་མཁན་མེད་པའི་རྒས་ཁོག་དང་། ཛ་དྲག་གི་ནད་པ་ཉམ་ཐག་རིགས་ལ་འཚོ་བའི་མཐུན་རྐྱེན་གང་ཐུབ་སྐྲུན་རྒྱུ། ༦༽ སློབ་གྲྭ་དང་དགོན་སྡེ་ཁག་ནས་རང་རེའི་ཁོངས་གཏོགས་སློབ་མ་སུ་རུང་ཞིག་གིས་རྒྱུགས་འབྲས་རྩེར་སོན་ནམ་འབུར་དུ་ཐོན་པ་བྱུང་ཚེ་ཆེ་མཐོང་དང་སེམས་ཤུགས་སྤར་ཆེད་གཟེངས་བསྟོད་བྱ་དགའ་སྤྲོད་རྒྱུ། ༧༽ ཚོགས་པ་འདི་ཉིད་འབྱུང་འགྱུར་གྱི་གནས་སྟངས་ལ་གཞིགས་ནས་རང་ཁོངས་སྤྱི་ཚོགས་ལ་ཕན་པའི་ལས་རིགས་གང་འོས་ལ་འབད་བརྩོན་ཞུ་རྒྱུ། ༨༽ རང་རེ་ནང་ཆེན་ཉེར་ལྔའི་ཁོངས་སུ་གཏོགས་པའི་ན་གཞོན་ཉལ་ཐ་རིགས་ལ་ངན་གོམས་ཆགས་པ་མཆིས་ཚེ་དེ་དག་ལ་གང་འོས་རོགས་རམ་གནང་རྒྱུ། ༩༽ རང་རེ་ནང་ཆེན་ཉེར་ལྔའི་ཁོངས་སུ་གཏོགས་པའི་ན་གཞོན་ལས་མེད་རིགས་ལ་ལས་ཀ་འཚོལ་ཐབས་ཀྱིས་མཚོན་གང་འོས་རོགས་འདེགས་ཞུ་རྒྱུ་བཅས་སོ།།
༈ ཁམས་སྟོད་ས་སྐྱོང་ནང་ཆེན་ཆོས་རྒྱལ་ཆེན་པོའི་ཁྱབ་འབངས་དཔོན་ཁག་སོ་སོའི་ལོ་རྒྱུས་ནི།
དེ་ཡང་ཁམས་སྟོད་ས་སྐྱོང་ནང་ཆེན་ཆོས་རྒྱལ་ཆེན་པོ་འདི་ཡི་ཁྱབ་འབངས་ལ། ནང་བློན་ཤེལ་སྒོ་གཉིས་སྦྲེལ། བཀའ་ཡི་མགྲོན་གཉེར་མི་བཞི། ནང་སྡེ་ཤོག་<<སྔོན་གྱི་ངག་རྒྱུན་མ་ཉམས་པ་བྲིས་ན་ནང་ཆེན་ཤོག་ཆེན་བཅོ་བརྒྱད་ཟེར་ཞིང་བཤད་སྲོལ་ཡོད>>ཆེན་བཅོ་བརྒྱད། ཕྱི་བློན་རོལ་པ་སྐྱ་བདུན། སྒེར་བཙན་དགོན་སྡེ་ཁག་གསུམ། དེམ་ཆི་ཉི་ཤུ་རྩ་ལྔ། དཔོན་མགོ་བེ་ཅང་སུམ་ཅུ་སོགས་ཀྱི་ཆབ་འབངས་ཡོད་པ་ལ།
དང་པོ་ནང་བློན་ཤེལ་སྒོ་གཉིས་སྦྲེལ་ནི།
ཕྱིས་རྒྱལ་རབས་རྣམས་ཀྱི་ནང་དུ་ངོས་འཛིན་མ་མཐོང་ཡང་རྒྱལ་རབས་གདན་ཐོག་བཅུ་དྲུག་པ་མི་དབང་དཀོན་མཆོག་རྒྱལ་པོའི་སྐབས་ནང་བློན་སྡོམ་པ་འབུམ་ཚ་དང་ཤེས་ཁེ་ནག་འཛི་སོགས་ཀྱིས་རྒྱས་དམ་མི་ཉག་ཟེར་བའི་སྡང་དགྲ་བརྟུལ་བའི་ལོ་རྒྱུས་འཁོད་འདུག་པས་དེ་གཉིས་ཡིན་ནམ་སྙམ།