Central Welfare of Nangchen Nyernga – ནང་ཆེན་ཉེར་ལྔའི་དྲ་བ།

གུང་རི་གུང་བཙན།

སྤུ་རྒྱལ་སོ་བཞི་པ་ཆོས་ལྡན་རྒྱལ་རབས་གཉིས་པ་གུང་རི་གུང་བཙན་ནི་ཡབ་རྒྱལ་པོ་གནམ་རི་སྲོང་བཙན་དང་། ཡུམ་འབྲི་བཟའ་ཐོད་དཀར་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༦༢༡ (ས་ཁྱི་ ༦༣༨ དོན་ཆེན་རེའུ་མིག) པ་ལྕགས་སྦྲུལ་ལོར་བྲག་ལྷ་བཀྲ་ཤིས་གཞལ་ཡས་ཁང་དུ་སྐུ་བལྟམས། ཆོས་རྒྱལ་སྲོང་བཙན་སྒོམ་པོས་རྒྱ་བཟའ་ཀོང་ཇོ་བཙུན་མོར་སློང་བར། རྒྱ་ནག་རྒྱལ་པོས་ཀོང་ཇོ་སྤྲོད་རྒྱུ་ཕར་འགྱངས་བྱས་པའི་དོན་རྐྱེན་ལ་བརྟེན་ནས། ཤིང་རྟ་ཕྱི་ལོ་༦༣༤ ལོར་གཅེན་སྲོང་བཙན་སྒམ་པོ་དམག་ལ་ཕེབས་པའི་ཚབ་ཏུ་གུང་རི་གུང་བཙན་གྱིས་རྒྱལ་སྲིད་བསྐྱངས་བ་དང་། སྐུ་གཤེན་ཞང་ཞུང་ཁྱུང་དཀར་གྱིས་མཛད། འ་ཞ་བཟའ་མོང་རྗེ་ཁྲི་དཀར་ཁབ་ཏུ་བཞེས། མྱང་མང་པོ་རྗེ་ཞང་སྣང་དང་། སྣུབས་བཙན་ཏོ་རེ་གཉིས་ཀྱིས་བློན་པོ་བྱས། སྲས་མང་སྲོང་མང་བཙན་སྐུ་བལྟམས་པའི་ས་ཁྱི་ལོ་སྟེ་ཕྱི་ལོ་ ༦༣༨ ལོར་དགུང་ལོ་བཅོ་བརྒྱད་ལ་ཕེབས་པ་དང་ནང་གི་འགལ་རྐྱེན་གྱི་དབང་གིས་སྐུ་གཤེགས། བང་སོ་དོན་མཁར་མདའ་རུ་གནམ་རི་སྲོང་བཙན་གྱི་གཡོན་དུ་བརྩིགས་སོ།།

མང་སྲོང་མང་བཙན།

སྤུ་རྒྱལ་སོ་ལྔ་པ་ཆོས་ལྡན་རྒྱལ་རབས་གསུམ་པ་རྒྱལ་པོ་མང་སྲོང་མང་བཙན་ནི། ཡབ་རྒྱལ་པོ་གུང་རི་གུང་བཙན་དང་། ཡུམ་འ་ཞ་བཟའ་མོང་རྗེ་ཁྲི་དཀར་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༦༣༨ པ་ས་ཁྱི་ལོར་སྐུ་བལྟམས། ཕྱི་ལོ་ ༦༥༠ པའི་ལྕགས་ཁྱི་ལོར་ཆོས་རྒྱལ་སྲོང་བཙན་སྒམ་པོ་སྐུ་གཤེགས་པའི་རྗེས་དགུང་ལོ་བཅུ་གསུམ་ལོན་པ་དང་རྒྱལ་སྲིད་ལ་འཁོད། སྐུ་གཤེན་ཁྱུང་པོ་སྟག་སྒྲས་མཛད། འབྲོ་བཟའ་ཁྲི་ལོད་ཁབ་ཏུ་བཞེས་ནས། སྲས་འདུས་སྲོང་མང་རྗེ་འཁྲུངས། མགར་སྟོང་བཙན་ཡུལ་སྲུང་དང་། མཆིམས་མང་གཉེར་གྱིས་བློན་པོ་མཛད། ཕྱི་ལོ་ ༦༥༩ པ་ས་ལུག་ལོར་བཙན་པོ་མང་སྲོང་མང་བཙན་སྦྲགས་ཀྱི་ཤར་ན་བཞུགས་ཤིང་། བློན་ཆེན་མགར་སྟོང་བཙན་གྱིས་བོད་དམག་ཆིག་སྟོང་ཙམ་ཁྲིད་ནས་འ་ཞའི་ཡུལ་དུ་སླེབས། དེང་སང་ཨ་མདོ་རྡོ་སྦིས་ཀྱི་སྟོང་རུ་མཚོ་ནག་ཏུ་གྲགས་པའི་ཡུལ་དེར་དམག་འཁྲུག་བྱས་པས། བོད་དམག་ཆིག་སྟོང་གིས་ཐང་དམག་བརྒྱད་ཁྲི་ཕམ་དུ་བཅུག་སྟེ་རྒྱལ་ཁ་ཐོབ། ཕྱི་ལོ་༦༦༢ པ་ཆུ་ཁྱི་་ལོར་བློན་པོ་མགར་སྟོང་བཙན་གྱིས་གྲུ་གུའི་ཡུལ་དུ་དམག་དྲངས། ཕྱི་ལོ་ ༦༦༧ པའི་མེ་ཡོས་ལོར་བཙན་པོ་འོར་མང་དུ་གཤེགས་ཏེ། བློན་པོ་མགར་སྟོང་བཙན་འབྲས་ནད་ཀྱིས་འདས། ཕྱི་ལོ་ ༦༧༦་པ་མེ་བྱི་ལོར་མང་སོང་མང་བཙན་སྐུ་གཤེགས། བང་སོ་གུང་རི་གུང་བཙན་གྱི་གཡོན་དུ་བརྩིགས་སོ།།

འདུས་སྲོང་མིང་རྗེ།

སྤུ་རྒྱལ་སོ་དྲུག་པ་ཆོས་ལྡན་རྒྱལ་རབས་བཞི་པ་འདུས་སྲོང་མང་རྗེའམ་རླུང་ནམ་འཕྲུལ་གྱི་རྒྱལ་པོ་ནི་ཡབ་མང་སྲོང་མང་བཙན་དང་། ཡུམ་འབྲོ་བཟའ་ཁྲི་ལོད་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༦༧༦ པ་མེ་བྱི་ལོར་འཁྲུངས། ལོ་ངོ་བཞི་ལ་ཐོན་པའི་ས་ཡོས་ཏེ་ཕྱི་ལོ་༦༧༩ པའི་ལོར་རྒྱལ་པོའི་ཁྲི་ལ་འཁོད། རྒྱལ་པོའི་སྐུ་གཤེན་སྤེ་ནེ་གུ་ཡིས་མཛད། མགར་བཙན་སྙ་ལྡོམ་བུ་དང་། དབས་ཏ་ར་ཁོང་ལོད་གཉིས་ཀྱིས་བློན་པོ་མཛད། (དགུང་ལོ་ཆུང་དུས་ཆབ་སྲིད་ཀྱི་ལས་དོན་ཕལ་ཆེ་བ་བློན་པོ་མགར་སྟོང་བཙན་གྱི་བུ་མགར་ཁྲི་འབྲིང་གིས་དབང་ཆ་བཟུང་བ་དང་། མགར་གྱི་བུ་གཞན་པ་ཁག་ཅིག་གིས་དམག་དཔོན་མཛད་པ་སོགས་ལོ་མང་པོ་ཞིག་གི་རིང་ལ་མགར་གྱི་རིགས་རྒྱུད་རྣམས་ཀྱིས་སྲིད་ཞུ་བསྒྲུབས་པར་གྲགས། དོན་རྐྱེན་ཕྲན་བུ་ལ་བརྟེན་ནས་ཁྲི་འབྲིང་གིས་རང་སྲོག་བཅད། དེ་ནས་ཆབ་སྲིད་ཀྱི་འགན་དབང་གཙོ་བོ་མ་ཡུམ་ཁྲི་མ་ལོད་ཀྱིས་བསྐྱངས་བར་གྲགས་སོ།།

ཁྲི་ལྡེ་གཙུག་བརྟན།

སྤུ་རྒྱལ་སོ་བདུན་པ་ཆོས་ལྡན་རྒྱལ་རབས་ལྔ་པ་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་ནམ་མེས་ཨག་ཚོམ་ནི། ཡབ་རྒྱལ་པོ་འདུས་སྲོང་མང་རྗེ་དང་། ཡུམ་མཆིམས་བཟའ་བཙན་མོ་ཏོག་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༦༩༨ པའི་ས་ཁྱི་ལོར་ཕོ་བྲང་ལྡན་དཀར་དུ་སྐུ་འཁྲུངས། ཕྱི་ལོ་ ༧༠༥ པ་ཤིང་སྦྲུལ་ལོར་རྒྱལ་པོའི་གསེར་ཁྲི་ལ་མངའ་གསོལ། ཡབ་རྒྱལ་པོ་འདུས་སྲོང་འཇང་ཡུལ་དུ་དམག་ལ་ཕེབས་སྐབས་གཡུལ་དུ་གཤེགས་ནས་རྒྱལ་སྲས་ཁྲི་ལྡེ་གཙུག་བརྟན་སྐུ་གཞོན་ནུའི་དུས་སུ་ཆབ་སྲིད་གཙོ་འགན་རྨོ་བོ་ཡིན་པ་འབྲོ་བཟའ་ཁྲི་མ་ལོད་ཀྱིས་བསྐྱངས། ཕྱི་ལོ་༧༡༢ པ་ཆུ་བྱི་ལོར་རྒྱ་བཟའ་གྱིམ་ཤིང་ཀོང་ཇོ་ཁབ་ཏུ་བཞེས། བཙན་པོ་འདིའི་དུས་སུ་འཇང་དང་གཉེན་འབྲེལ་བྱས་ཏེ་ལྗང་མོ་ཁྲི་བཙུན་མནའ་མར་བླངས། བོད་མོ་སྣ་ནམ་བཟའ་ཁབ་ཏུ་བཞེས། སྦས་སྐྱེས་བཟང་སྟོང་བཙན་དང་། མཆིམས་རྒྱལ་གཟིགས་ཤུ་ཏིང་། འབྲོ་ཆུ་བཟང་འོར་མ་བཅས་ཀྱིས་བློན་པོ་བྱས། སྤུ་རྒྱལ་འདིའི་སྐུ་རིང་ལ་བོད་ཡུལ་ཆེན་པོའི་མཐའ་མཚམས་རྒྱ་བསྐྱེད། འཇང་གི་རྒྱལ་པོ་བོད་ཀྱི་འབངས་དུ་བསྡུས་པས། རྒྱ་ནག་གི་ཆབ་སྲིད་ལའང་ཤིན་ཏུ་ཉམས་དམས་བཏང་ཞིང་། ཆབ་སྲིད་མཐའ་བཞིར་བསྐྱེད། ཕྱི་ལོ་ ༧༣༩ པ་ས་ཡོས་ལོར་རྒྱ་བཟའ་གྲོངས། ཕྱི་ལོ་ ༧༤༢ པ་ཆུ་རྟ་ལོར་སྲས་ཁྲི་སྲོང་ལྡེའུ་བཙན་འཁྲུངས། ཕྱི་ལོ་ ༧༥༥ པ་ཤིང་ལུག་ལོར་ཡར་འབྲོག་སྦྲ་ཚལ་དུ་བློན་པོ་འབལ་ལྡོང་ཚབ་་དང་། ལང་མྱེས་གཟིགས་གཉིས་ཀྱིས་ལྐོག་ཏུ་བཀྲོངས་ཞེས་གྲགས། བང་སོ་མུ་ར་རི་ཞེས་པ་འཕྲུལ་གྱི་རྒྱལ་པོའི་གཡོན་དུ་བརྩིགས། ། མེས་ཨག་ཚོམ། བོད་ཀྱི་རྒྱལ་པོ་སོ་བདུན་པ་ཁྲི་ལྡེ་གཙུག་བརྟན་འམ་ཁྲི་ལྡེ་གཙུག་བཙན་འབོད་པ་དེ་ཉིད་ཀྱི་མཚན་ཡིན། སྐུ་ན་གཞོན་དུས་ནས་སྨ་ར་དང་བགྲེས་ཉམས་ཆེ་བས་དེ་ལྟར་གྲགས་པ་ཡིན་ནོ། །

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན།

བོད་རྒྱལ་སོ་བརྒྱད་པ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ནི། ཡབ་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་དང་། ཡུམ་སྣ་ནམ་བཟའ་གཉིས་ཀྱི་སྲས་སུ་དུས་རབས་བརྒྱད་པའི་ནང་། སྣ་ཚོགས་ཞེས་པ་ཆུ་ཕོ་རྟའི་ཕྱི་ལོ་༧༤༢ལོའི་དཔྱིད་ཟླ་ར་བའི་སྐར་མ་རྒྱལ་གྱི་ཉིན་སྐུ་བལྟམས། དགུང་ལོ་བཅོ་ལྔ་པ་མེ་སྤྲེལ་ཕྱི་ལོ་༧༥༧ ལོར་རྒྱལ་པོའི་ཁྲི་ལ་འཁོད། དེ་ནས་མཆིམས་བཟའ་ལྷ་མོ་བཙན་དང་། མཁར་ཆེན་བཟའ་མཚོ་རྒྱལ། འབྲོམ་བཟའ་ཁྲི་རྒྱལ་མོ་བཙན། ཚེ་སྤོང་བཟའ་མེ་ཏོག་སྒྲོན། ཕོ་ཡོངས་བཟའ་རྒྱལ་མོ་བཙུན་བཅས་བཙུན་མོ་ལྔ་ཁབ་ཏུ་བཞེས། སྲིད་དབང་བཟུང་ནས་ལོ་ཤས་རྗེས་ཆུ་སྟག་༧༦༢ ལོར་དམག་དཔོན་ཞང་རྒྱལ་གཟིགས་དང་། བློན་སྟོང་བཙན་ལ་སོགས་པས་བོད་དམག་འབུམ་གཅིག་ཙམ་ཁྲིད་དེ་ཐང་གི་ཁོངས་གཏོགས་མཁར་དང་། ས་ཆ་མང་པོ་ཕྲོགས་བཟུང་གིས་རྒྱལ་ས་ཁྲང་ཨན་ཉིན་བཅོ་ལྔ་ཙམ་བཟུངས་བ་དང་། གོང་མ་ཐང་ཏའི་ཙུང་ཡང་གནས་སྐབས་རིང་ཤེན་ཇུ་ལ་བྲོས་དགོས་པ་བྱུང་བར་གྲགས། སྲིད་དོན་གྱི་བྱ་བ་མང་ཆེ་བ་བློན་ཆེན་རྣམས་དང་གྲོས་བྱེད་ཅིང་། ལེགས་པའི་བྱ་བ་དག་ནི་བློ་ཚིམས་པར་མཛད་ཅིང་། ཉེས་པའི་ཆད་པས་ནི་གནད་དུ་ཕོག་པར་མཛད་དེ། ཆོས་སྲིད་གཉིས་ཀྱི་ཁྲིམས་དམ་པོར་སྐྱོང་གནང་མཛད་པས་སྲིད་དབང་ལ་སྟོབས་ཤུགས་ཆེན་པོ་བྱུང་ངོ་།། ཕྱི་ལོ་༧༦༣ ཆུ་ཡོས་ལོར་རྒྱ་གར་ནས་མཁན་ཆེན་ཞི་བ་མཚོ་དང་། སློབ་དཔོན་པདྨ་འབྱུང་གནས་གཉིས་གདན་ཞུ་བྱས་ནས་བསམ་ཡས་གཙུག་ལག་ཁང་བཞེངས། བསམ་ཡས་སུ་རབ་བྱུང་སྡེ་ཐོག་མ་བཙུག་ནས་ནང་པའི་བསྟན་པ་དར་རྒྱས་ཀྱི་རྨང་གཞི་ཐོག་མ་ཚུགས། མཁན་སློབ་གཉིས་སོགས་པཎྜི་ཏ་རྣམས་དང་། བཻ་རོ་ཙ་ན། སྐ་ཅོག་ཞང་གསུམ་སོགས་ལོ་ཙཱ་བ་རྣམས་ཀྱིས་མདོ་སྔགས་ཀྱི་བཀའ་རྣམས་དང་། དགོངས་འགྲེལ་གྱི་བསྟན་བཅོས་རིག་གནས་གཙོ་ཆེ་བ་རྣམས་བོད་སྐད་དུ་བསྒྱུར། བཙན་པོས་བོད་ཕྲུག་ཤེས་རབ་ཅན་མང་པོ་བསྡུས་ཏེ་བསམ་ཡས་སྒྲ་བསྒྱུར་གླིང་དུ་ཡིག་བསྒྱུར་གྱི་སློབ་གྲྭ་ཐོག་མར་འཛུགས་གནང་བ་ནས་ལོ་ཙཱ་བའི་དཔུང་ཁག་སྟོབས་ཆེན་ཞིག་གསོ་སྐྱོང་གནང་བ་དང་། ཡིག་བསྒྱུར་གྱི་བྱ་གཞག་འཕེལ་རྒྱས་ཆེན་པོ་བྱུང་། རབ་བྱུང་ངུར་སྨྲིག་སྡེ་དང་། གོས་དཀར་ལྕང་ལོའི་སྡེ་སྟེ་དགེ་འདུན་སྡེ་གཉིས་ལ་ཕྱག་མཆོད་བཀུར་བསྟི་བྱ་བའི་ཆོས་ཀྱི་བཀའ་ཁྲིམས་ཆེན་མོ་བཅས། བཀའ་གཙིགས་ཀྱི་རྡོ་རིངས་བཙུགས་སོ།། གཞན་ཡང་རྒྱལ་ཕྱི་ནང་གི་སྨན་པ་མཁས་པ་མང་པོ་གདན་ཞུ་གཙོས་བོད་ཀྱི་སྨན་པ་མཁས་པ་མང་པོ་གསོ་སྐྱོང་གནང་། ལྕགས་སྤྲེལ་ཕྱི་ལོ་ ༧༨༠ ལོར་སྲས་ཆེ་བ་མུ་ནེ་བཙན་པོ་རྒྱལ་སར་བཀོད་ནས་ཆོས་རྒྱལ་རང་ཉིད་སྒོམ་སྒྲུབ་སོགས་དམ་ཆོས་ཉམས་ལེན་གྱི་མཛད་པ་གཙོ་བོར་གནང་སྟེ་བཞུགས། མེ་བྱི་ཕྱི་ལོ་༧༩༧ ལོར་གཤེགས། བང་སོ་མུ་ར་རི་ལ་ཡབ་ཀྱི་བང་སོའི་རྒྱབ་ངོས་ཀྱི་གཡས་ཕྱོགས་སུ་བརྩིགས།…

མུ་ནེ་བཙན་པོ།

སྤུ་རྒྱལ་སོ་དགུ་པ་ཆོས་ལྡན་རྒྱལ་རབས་བདུན་པ་མུ་ནེ་བཙན་པོ་ནི། ཡབ་ཁྲི་སྲོང་ལྡེའུ་བཙན་དང་། ཡུམ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གཉིས་ཀྱིས་སྲས་སུ་ཕྱི་ལོ་ ༧༦༢ པའི་ཆུ་སྟག་ལོར་སྐུ་འཁྲུངས། དགུང་ལོ་བཅུ་དགུ་པ་ལྕགས་སྤྲེལ་ཕྱི་ལོ་ ༧༨༠ ལོར་ཡབ་ཀྱིས་དམ་ཆོས་སྒོམ་སྒྲུབ་གནང་སྟབས་རྗེ་འདི་ཉིད་རྒྱལ་སྲིད་ཀྱི་ཁྲི་ལ་འཁོད། བཙུན་མོ་རུ་ཡོང་བཟའ་མདོ་རྒྱལ་མོ་དང་། ཕོ་ཡོང་བཟའ་མདོ་རྒྱལ་མོ་གཉིས་ཁབ་ཏུ་བཞེས་ཀྱང་རྒྱལ་པོའི་རིགས་ཀྱི་སྲས་མ་འཁྲུངས་བར་གྲགས། ཡབ་རྗེ་དེ་ཉིད་ཀྱིས་ཐུགས་དགོངས་བཞིན་ལྷ་ས་དང་ཁྲ་འབྲུག་ལ། འདུལ་བ་དང་མངོན་པའི་མཆོད་པ། བསམ་ཡས་སུ་མདོ་སྡེ། མངོན་པར་བྱང་ཆུབ་པའི་མཆོད་པའི་སྡེ་ཆེན་པོ་བཞི་བཙུགས། གཞན་ཡང་རྒྱལ་པོ་འདིའི་རིང་ལ་ཡི་གེ་མཁན་པོ་ཚེ་སྤོངས་བྱང་ཆུང་ཅེས་བྱ་བས་རྗེ་ལ་ཡི་གེའི་སྟངས་ཕུལ་བ་དེ་ལ་ཁམས་ཡིག་ཏུ་གྲགས་སོ།། དེ་བཞིན་སྐབས་འདིའི་རིང་ལ་བོད་འབངས་རྣམས་དབུལ་ཕྱུག་ལན་གསུམ་བསྙམས་པར་བྱས། དགུང་ལོ་སོ་དགུ་པའི་མེ་གླང་ཕྱི་ལོ་ ༧༩༧ ལོར་ཡབ་འདས་ནས་ལོ་གཅིག་དང་ཟླ་བ་བདུན་ལ་སོན་སྐབས་སུ་གཤེགས་པ་དང་། འདས་རྐྱེན་ནི། ཡབ་རྒྱལ་པོས་ཞལ་ཆེམས་ལྟར་བཙུན་མོ་ཆུང་བ་ཕོ་ཡོང་བཟའ་ལ་གཅེས་སྐྱོང་མཛད་པར་བརྟེན། ཡུམ་ཚེ་སྤོང་བཟའ་སྨ་རྒྱལ་ལྡོང་སྐར་ཕྲག་དོག་གིས་ཞལ་ཟས་མཉམ་དུ་དུག་དྲངས་ནས་བཀྲོངས་བར་བཤད་དོ།།

མུ་ཏིག་བཙན་པོ།

སྤྱུ་རྒྱལ་བཞི་བཅུ་པ་ཆོས་ལྡན་རྒྱལ་རབས་བརྒྱད་པ་མུ་ཏིག་བཙན་པོ་ནི། ཡབ་ཁྲི་སྲོང་ལྡེའུ་བཙན་དང་། ཡུམ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གཉིས་ཀྱི་སྲས་སུ་ཕྱི་ལོ་༧༦༣ པའི་ཆུ་ཡོས་ལོར་སྐུ་འཁྲུངས། དགུང་ལོ་བཅོ་བརྒྱད་པར་གཅེན་མུ་ནེ་བཙན་པོ་རྒྱལ་པོ་རྒྱལ་སར་འཁོད། དགུང་ལོ་སོ་ལྔ་པའི་མེ་གླང་ལོར་གཅེན་པོ་སྐུ་གཤེགས་པ་དང་མུ་ཏིག་བཙན་པོ་རང་ཉིད་རྒྱལ་སར་འཁོད། སྐབས་དེར་དམག་ཤུགས་ཧ་ཅང་ཆེ་བས་ཕྱོགས་བཞིའི་རྒྱལ་ཁབ་རྣམས་ལ་དཔུང་འཇུག་བྱས། རྒྱ་གར་རྒྱལ་པོ་དྷརྨ་པ་ལ་བོད་དུ་ཁྲིད་དེ་བཟུང་བཙོན་བྱས་ཟེར་བའང་གྲགས། དགུང་ལོ་ཞེ་གཉིས་པའི་ཤིང་སྤྲེལ་ཕྱི་ལོ་༨༠༤་ལོར་སྐུ་གཤེགས།

རྒྱལ་རབས་དགུ་པ་ཁྲི་ལྡེ་སྲོང་བཙན་ནམ་སད་ན་ལེགས་མཇིང་ཡོན།

  སྤུ་རྒྱལ་ཞེ་གཅིག་པ་ཆོས་ལྡན་རྒྱལ་རབས་དགུ་པ་ཁྲི་ལྡེ་སྲོང་བཙན་ནམ་སད་ན་ལེགས་མཇིང་ཡོན་ནི། ཡབ་རྒྱལ་པོ་སྲི་སྲོང་ལྡེའུ་བཙན་དང་། ཡུམ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༧༦༤ པའི་ཤིང་འབྲུག་ལོར་སྐུ་འཁྲུངས། དགུང་ལོ་ཞེ་གཅིག་པའི་ཤིང་སྤྲེལ་ལོར་གཅེན་མུ་ཏིག་བཙན་པོ་སྐུ་གཤེགསས་པ་དང་། རྒྱལ་སྲས་འདི་ཉིད་སྐུ་ན་ཕྲ་ཡང་། འབངས་རྣམས་གྲོས་འཆམས་ནས་རྒྱལ་པོ་ཡོང་ངམ་མི་ཡོང་སད་པའི་ཕྱི་རྒྱལ་སྲིད་གཏད་པ་དང་། སད་པ་བཞིན་ལེགས་པར་བྱུང་ནས། མཚན་ལ་སད་ན་ལེགས་མཇིང་ཡོན་དུ་གྲགས། རྒྱལ་པོའི་ཁྲི་ལ་བཞུགས་ནས་སྲིད་བསྐྱངས། འབྲོ་བཟའ་ཁྲི་མ་ལེགས་དང་། མཆིམས་རྒྱལ་བཟའ་ལེགས་མོ་བཙན་དང་། ཅོག་རོ་བཟའ་བརྩན་རྒྱལ་རྣམས་ཁབ་ཏུ་བཞེས། བཙུན་མོ་ཆེ་བ་ལ་སྲས་ཁྲི་རལ་པ་ཅན་དང་། གཙང་མ། དར་མ་གསུམ་དང་། བཙུན་མོ་ཆུང་བ་ལ་ལྷ་རྗེ་དང་། ལྷུན་གྲུབ་གཉིས་བཅས་རྒྱལ་སྲས་ལྔ་འཁྲུངས། རྒྱལ་པོ་དེས་ཡབ་མེས་ཀྱི་སྲོལ་ཁ་མ་ཤོར་བར་མཛད་ཅིང་། བརྟེན་གཙོ་བོ་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་བཞེངས། གཞན་ཡང་ཡབ་རྗེ་གོང་མའི་ཐུགས་དམ་ཀུན་ཞིག་རལ་གསོ་བ་དང་། རྒྱན་བཏགས་པ། མཆོད་པ་འབུལ་བ། ལྷ་སའི་ཁྱམས་ཕྲ་མོ་བཞེངས་པ་ལ་སོགས་པ་ཕྱག་རྗེས་མང་དུ་སྐྲུན། ཤུལ་ན་བཞུགས་པའི་ལོ་པཎ་རྣམས་ལ་བསྙེན་བཀུར་དང་སྔར་མ་འགྱུར་པའི་གསུང་རབ་འགའ་ཞིག་ཀྱང་བསྒྱུར།   ཕྱི་ལོ་ ༨༡༥ པའི་ཤིང་ལུག་ལོར་སྐུ་གཤེགས། བང་སོ་འཕྲུལ་རྒྱལ་གྱི་མདུན་དུ་བརྩིགས་པ་དང་། བང་སོའི་མིང་ལ་རྒྱལ་ཆེན་འཕྲུལ་གྱི་རི་བོ་ཞེས་ཟེར། མུ་ཁྲི་བཙན་པོ། འདི་ནི་བདུད་འཇོམས་རྒྱལ་རབས་ནང་བོད་རྒྱལ་སད་ན་ལེགས་མཇིང་ངམ་ཁྲི་ལྡེ་སྲོང་བཙན་གྱི་མཚན་གཞན་ཞིག་ཏུ་བགྲང་ཡོད། སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་། བོད་རྒྱལ་ཁྲི་ལྡེ་སྲོང་བཙན་སྐབས་བཞེངས་བའི་བོད་ཀྱི་རྒྱལ་ས་ལྷ་སའི་ཡུལ་གྱི་གཙུག་ལག་ཁང་ཞིག་ཡིན། སྐར་ཆུང་ཞེས་པ་ནི་རྒྱལ་པོ་འདིས་བཀའ་དགོངས་བཞིན། ལྷ་ཁང་འདི་རྒྱུ་སྐར་ཞིག་གི་ཚད་ཙམ་དགོས་ཚུལ་གསུངས་པས། མཐར་དེ་ལྟར་ཡོང་ཐབས་མེད་ཀྱང་།…

བོད་རྒྱལ་ཞེ་གཉིས་པ་མངའ་བདག་ཁྲི་རལ་པ།

བོད་རྒྱལ་ཞེ་གཉིས་པ་ཁྲི་གཙུག་ལྡེ་བཙན་ནམ་ཁྲི་རལ་པ་ཅན་ནི། ཡབ་ཁྲི་ལྡེ་སྲོང་བཙན་དང་། ཡུམ་འབྲོ་བཟའ་ཁྲི་མ་ལེགས་གཉིས་ཀྱི་སྲས་སུ་དུས་རབས་དགུ་པ་མེ་ཁྱི་ཕྱི་ལོ་༨༠༦ ལོར་སྐུ་འཁྲུངས། ཆོས་རྒྱལ་འདི་ཉིད་དགུང་ལོ་བཅུ་གསུམ་བཞེས་པ། ཤིང་ལུག་ཕྱི་ལོ་ ༨༡༥ ལོར་ཡབ་གཤེགས་པ་དང་རྒྱལ་སར་འཁོད་དེ། སྔ་རྟིང་དུ་བཙུན་མོ་ལྔ་ཁབ་ཏུ་བཞེས་ཀྱང་སྲས་མ་བྱུང་། དེ་ནས་དགུང་ལོ་ ༡༦ པའི་ཕྱི་ལོ་ ༨༢༣ ལོར་བོད་རྒྱ་གཉིས་འདུམ་སྒྲིག་གིས་ས་མཚམས་རྨེ་རེ་ལ་རྡོ་རིང་བཙུགས། ཐང་རྒྱལ་ཁབ་ཀྱི་རྒྱལ་ས་ཁྲང་ཨན་དང་། བོད་རྒྱལ་ཁབ་ལྷ་སའི་གཙུག་ཁང་གི་མདུན་དུའང་རྡོ་རིང་རེ་བཙུགས། ཕྱིན་ཆད་བོད་བོད་ཡུལ་ན་བདེ། རྒྱ་རྒྱ་ཡུལ་ན་བདེ་ཞེས་ས་མཚམས་ཡན་ཆད་ལ་ཕན་ཚུན་དམག་མི་དྲངས་བའི་མནའ་བསྐྱལ་དམ་བཅའ་བཞག་པར་གྲགས། བོད་ཁམས་སྨད་ཕྱོགས་གཙོ་བོ་གྱུར་བའི་ས་གནས་མང་པོར་མཁར་ཆེན་སུམ་ཅུ་སོ་བདུན་ཙམ་བརྩིགས། རྒྱ་བོད་ཕན་ཚུན་དམག་དྲངས་རེས་སྐབས་གཅེས་མཁར་ཉི་ཤུ་རྩ་བཞི་ཡར་བཅད་དེ་མངའ་འོག་ཏུ་བསྡུས་པར་གྲགས་སོ།། བཙན་པོའི་བྱ་བ་གསུམ་ལས་མ་འདས་པར་རྒྱ་གར་དང་། ལི་ཡུལ། ཁ་ཆེ། རྒྱ་ནག བལ་པོ། བོད་བཅས་ཀྱི་བཟོ་བོ་མཁས་པ་མང་པོ་བཀུག་སྟེ། འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་རྩེག་དགུ་ཡོད་པ་ཞིག་བཞེངས། རྗེ་ཉིད་ཆོས་ལ་ཤིན་ཏུ་དད་ཅིང་། རབ་བྱུང་བ་ཡོངས་ལ་བཀུར་སྟི་ཚད་མེད་མཛད། གཞན་ཡང་ཡིག་གཟུགས་ལེགས་པ་རྣམས་ལ་གླ་ཡོན་གོ་གནས་ཕུལ་བ་དང་། འཚོ་རྟེན་ས་ཞིང་དོར་གཅིག་སོགས་གནང་བའི་སྲོལ་དོད་པས་བོད་ཀྱི་ཡིག་གཟུགས་གོང་འཕེལ་འགྲོ་བར་སྐུལ་ལྕག་ཆེན་པོ་ཐེབས། དེ་བཞིན་རྒྱ་གར་གྱི་ཁ་ཆེའི་པཎྜི་ཏ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། བིདྱཱ་ཀ་ར་པྲ་བྷ་དེ་དང་། དྷཱ་ན་ཤཱི་ལ་དང་བཞི་སྤྱན་དྲངས། འགྱུར་སྐྱོན་བརྒྱད་ལེགས་པར་བཅོས། སྔར་གྱི་བསྒྱུར་བ་མི་ཉམས་པ། ཕྱིས་འགྱུར་སློབ་པ་རྣམས་ལ་ཕན་པའི་ཡན་ལག་ཏུ། སྔར་བསྒྱུར་བའི་གསུངས་རབ་ཕལ་ཆེར་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། དཀར་ཆག་གི་ཡི་གེ་གསུམ་ཡང་མཛད་ནས།…

བོད་རྒྱལ་ཞེ་གསུམ་གླང་དར་མ།

  སྤུ་རྒྱལ་ཞེ་གསུམ་<ཞེ་གཉིས་>པ་དར་མ་འུ་དུམ་བཙན་པོ་ནི། ཡབ་ཁྲི་ལྡེ་སྲོང་བཙན་དང་། ཡུམ་འབྲོ་བཟང་ཁྲི་མ་ལེགས་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༨༡༥ པའི་ཤིང་ལུག་ལོར་(འོན་ལྗང་རྡོ་རུ་)སྐུ་འཁྲུངས། ཕྱི་ལོ་ ༨༣༦ པའི་མེ་འབྲུག་ལོར་གཅེན་མངའ་བདག་ཁྲི་རལ་འདས་པ་དང་། རྒྱལ་སྲིད་ལ་བསྐོས། བཙུན་མོ་ཆེ་བ་སྣ་ནམ་བཟའ་དང་། ཆུང་བ་ཚེ་སྤོང་བཟའ་བཙུན་མོ་འཕན་གཉིས་ཁབ་ཏུ་བཞེས། (བློན་ཆེན་འབྲོ་ཁྲི་སུམ་རྗེ་སྟག་སྣང་གིས་བྱས་ཤིང་། ནང་བློན་དབས་རྒྱལ་ཏོ་རེ་སྟག་གཉས་བྱས།) ཐོག་མར་སངས་རྒྱས་ཆོས་ལུགས་ལ་དད་པ་བྱས། <དར་མས་འབྲི་ཡི་གཙུག་ལག་ཁང་དང་།> {སྤ་བྲོ་སྟག་ཁུག་གི་གཙུག་ལག་ཁང་སོགས་བཞེངས་}ནས་དཀར་པོ་ཆོས་ལ་གུས་པ་སོགས་སྔར་གྱི་ཡབ་མེས་གོང་མ་བཞིན་རྒྱལ་སྲིད་ཀྱི་ཆབ་འབངས་<ཉེར་ལྔ་པ་ལྕགས་བྱ་ལ་རྒྱལ་སྲིད་ཐོབ་ནས་འཇིག་རྟེན་ཕལ་སྤྱོད་རྣལ་མ་ལོ་གཅིག་>བསྐྱངས། དེ་ནས་བོན་བློན་རྣམས་ཀྱིས་བློ་ཁ་བསྒྱུར་བ་དང་། དེ་རྗེས་དོན་རྐྱེན་འདྲ་མིན་ལ་སྙད་མདོགས་བྱས་ཏེ་མེས་པོ་གོང་མའི་རྟེན་ཁྱད་པ་ཅན་ལྷ་སའི་གཙུག་ལག་ཁང་གི་ཇོ་ཤག་རྣམ་གཉིས་དང་བསམ་ཡས་སོགས་གཏོར་མགོ་ཚུགས་ཤིང་། ལྷ་ཁང་མང་དུ་བཤིགས། གསུང་རབ་གང་རྙེད་མེ་དང་ཆུར་བསྐྱུར། ལོ་པཎ་ཕལ་ཆེར་ཡུལ་གཞན་དུ་བྲོས། བཙུན་པའི་སྡེ་རྣམས་ཁྱིམ་པར་བབས་སུ་བཅུག་པ་སོགས་ཀྱི་སྐབས་ཙམ་ན། གནུབས་སངས་རྒྱས་ཡེ་ཤེས་དང་འཕྲད་ནས། ཁྱོད་སུ་ཡིན་དྲིས་པས། ང་དཀོན་མཆོག་སྔགས་པ་བྱ་བ་ལས་སུ་སངས་རྒྱས་ཀྱི་བསྟན་པ་སྲུང་བ་ཡིན། རྒྱལ་པོས་ངས་བསྟན་པ་བཤིག་ཟིན། ཁྱོད་ལ་ནུས་པ་ཅི་ཡོད་ཟེར་བ་དང་། སྔགས་བཟླས་པའི་ནུས་པ་གཟིགས་གསུངས་ནས་སྔགས་ཀྱི་ནུས་བསྟན་པས། རྒྱལ་པོ་འཇིགས་ཤིང་སྐྲག་སྟེ་སྔགས་པའི་སྡེ་ལ་གནོད་མི་བསྐྱེལ་བར་དམ་བཅས། དེ་ནས་ཁོང་གི་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་གསང་སྔགས་བླ་མེད་ནང་རྒྱུད་སྡེ་གསུམ་གྱི་སྨིན་གྲོལ་མན་ངག་རྒྱ་མཚོའི་སྲོག་བཟུང་བས་ན་བཀའ་དྲིན་ཤིན་ཏུ་ཆེ། བཙན་པོའི་སྐབས་ཀྱི་ཁྲིམས་ཡིག་སོགས་གསུང་རབ་མང་པོ་ཞིག་བྲག་ཕུག་ཏུ་སྦས་ཡོད་སྐད། ཕྱི་ལོ་ ༨༤༡ ལོར་དེ་ཙམ་ན་ལྷ་ལུང་དཔལ་རྡོར་གྱིས་རྟགས་དང་ཆ་ལུགས་བརྗེས་ནས་ཕྱག་ཏུ་ལྕགས་མདའ་དང་ལྕགས་གཞུ་ཐོགས་པ་དང་། ལྷ་སར་ཕེབས་སྐབས་དར་མས་གཙུག་ལག་ཁང་གི་རྡོ་རིང་ཡི་གེ་ཀློག་ནས་བསྡད་ཡོད་པ་དང་སྟབས་འཁེལ་བའི་མདའ་འཕངས་ཏེ་རྒྱལ་པོའི་སྙིང་ལ་ཕོག་ནས་བཀྲོངས་བའི་བར་<ཚུལ་ངན་ལ་སྤྱོད་པ་ལོ་གཉིས་དང་ཟླ་བ་དྲུག དེ་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་འཚེ་བ་ཁོ་ན་ལྷུར་ལེན་པ་ལོ་གཅིག་དང་ཟླ་བ་ཕྱེད་གཉིས་བྱས་>པར་བཞེད། <དེའི་བང་སོ་འཕྲུལ་དང་རྒྱལ་ཆེན་བར་དུ་བརྩིགས་ པ་འཕྲོར་ལུས་>ཡོད་པར་འདོད་དོ།། འུ་དུམ་བཙན་པོ།…